༢༠༡༣ ཟླ་ ༩ ཚེས་ ༣ རེསགཟའ་མིག་དམར།
༄༅། །འདི་ལོ་ནས་བཟུང་༸གོང་ས་མཆོག་གི་དགོངས་བཞེད་དང་བཀའ་ཤག་སྐབས་བཅུ་བཞི་པའི་ཁྱད་ལས་མི་སྣ་གསོ་སྐྱོང་གནང་རྒྱུའི་ལས་འཆར་ཁོངས་སློབ་གྲྭ་ཁག་གི་སློབ་མ་རྣམས་ཀྱི་བློ་སྤོབས་སྤར་རྒྱུ་དང་མིག་དཔེ་བཟང་པོ་སྲོལ་གཏོད་སླད། བཙན་བྱོལ་སྤྱི་ཚོགས་ནང་འབུམ་རམས་པ་ Ph. D སློབ་ཐོན་པ་རྣམས་ལ་སྲིད་སྐྱོང་གཟེངས་རྟགས་ཕྱག་འཁྱེར་དང་བྱ་དགའ་ཧིན་སྒོར་ ༢༠༠༠༠ གནང་རྒྱུའི་ལམ་ནས་མ་འོངས་པར་སྤྱི་ཚོགས་ནང་འབུམ་རམས་པ་གང་མང་སློབ་ཐོན་ཡོང་ཐབས་སུ་ཆེ་བསྟོད་གནང་གཏན་འཁེལ་བ་བཞིན།
ཤེས་རིག་ལས་ཁུངས་ནས་གསར་འགྱུར་བརྒྱུད་ལམ་ཁག་ནང་གསལ་བསྒྲགས་གནང་སྟེ་འདི་ལོ་རིགས་གཅིག་རྐང་འཛིན་སློབ་ཐོན་པ་གཉིས་ཀྱི་མིང་གཞུང་དང་སློབ་ཐོན་ལག་འཁྱེར་ཕུལ་འབྱོར་བྱུང་དོན་བཞིན། ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢ ཉིན་མང་གཙོའི་དུས་ཆེན་ཉིན་མོ་སྲུང་བརྩིའི་མཛད་སྒོ་དང་སྟབས་བསྟུན། ཁོང་གཉིས་ལ་སྲིད་སྐྱོང་གཟེངས་རྟགས་ཕྱག་འཁྱེར་དང་བྱ་དགའ་ཧིན་སྒོར་ ༢༠༠༠༠ ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་གིས་གནང་ཡོད།
རིགས་གཅིག་རྐང་འཛིན་སློབ་ཐོན་པ་གཉིས་ཀྱི་ངོ་སྤྲོད་སྙིང་བསྡུས་ནི།
༡༽ འབུམ་རམས་པ་ལྷག་པ་ཆོས་སྒྲོན་ལགས་ནི་སྦེལ་ཀོབ་ཉིན་སློབ་ནང་གཞི་རིམ་སློབ་སྦྱོང་གནང་བ་དང་། ཕྱི་ལོ་ ༡༩༩༤ ནས་ ༢༠༠༡ བར་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་འོག་བྷོ་པལ་གཙུག་ལག་སློབ་ཁང་(Barkatullah University, Bhopal) ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་དཔལ་འབྱོར་
གྱི་སློབ་ཚན་ཐོག་གཙུག་ལག་རབ་འབྱམས་པ། དགེ་རྒན་འོས་སྦྱོང་གི་སློབ་སྦྱོང་གནང་རྗེས། ཕྱི་ལོ་ ༢༠༠༡ ནས་ ༢༠༠༢ བར་ལོ་ངོ་གཅིག་རིང་ཤེས་རབ་དགའ་ཚལ་སློབ་གྲྭར་གཞི་རིམ་བར་མའི་ཨིན་ཡིག་དགེ་རྒན་དང་། ཕྱི་ལོ་ ༢༠༠༢ ནས་ད་བར་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭར་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་གཞི་རིམ་གོང་མའི་དཔལ་འབྱོར་རིག་པའི་གེ་རྒན་གནང་དང་གནང་བཞིན་པ་དང་། མེའི་སོར་མཐོ་སློབ་ཁང་དུ་དཔལ་འབྱོར་སློབ་ཚན་ཐོག་རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་གནང་ནས་མཐར་ཕྱི་ལོ་ ༢༠༡༣ ལོར་སློབ་མཐར་སོན་ཏེ་འབུམ་རམས་པའི་ཕྱག་འཁྱེར་བཞེས་གནང་འདུག
༢༽ འབུམ་རམས་པ་བཟང་མོ་ལགས་ནི་ཌོ་ལན་ཇི་གཞི་རིམ་སློབ་གྲྭར་ནས་འཛིན་གྲྭ་བརྒྱད་པ་ཐོན། ཕྱི་ལོ་ ༢༠༠༠ ནས་ ༢༠༠༩ བར་མི་ལོ་བཅུ་གཉིས་ལྷག་ཙམ་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་ཤསྟྲཱི་དང་ཨཙཱ་རྱ་འཛིན་རིམ་དང། ཨེམ་ཕིལ་ལེགས་པར་ཐོན་རྗེས་བན་བོན་གཉིས་ཀྱི་འཇིག་རྟེན་ཆགས་རབས་ཀྱི་ལམ་ལུགས་དང་བརྒྱུད་རིམ་སོགས་ཉམས་ཞིབ་གནང་ནས་མཐར་ཕྱི་ལོ་ ༢༠༡༣ ལོར་འབུམ་རམས་པ་ལེགས་ཐོན་བྱུང་ཡོད། ད་ལྟ་ཞུ་དག་དང་རྩོམ་སྒྲིག་པའི་ཕྱག་ལས་གནང་བཞིན་ཡོད་པ་བཅས།།