༢༠༡༣ ཟླ་ ༨ ཚེས་ ༢༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཞུགས་སྒར་ཐེག་ཆེན་ཆོས་གླིང་ གཙུག་ལག་ཁང་དུ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་དང་སྔགས་རིམ་ཆེན་མོའི་ཆོས་འབྲེལ་མཇུག་སྒྲིལ་མཛད་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཐོག་༸གོང་ས་མཆོག་ཕོ་བྲང་གཟིམ་ཆུང་ནས་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བའི་སྐུ་ཚབ་ཀྱིས་སྤོས་སྣེས་སྔོན་བསུས་ཏེ་གཙུག་ལག་ཁང་གི་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་བསྟུན། མགོན་པོ་གང་ཉིད་མཆོག་གིས་ཆོས་ཞུ་བ་རྣམས་ལ་ཆོས་འབྲེལ་སྐབས་བཀའ་སློབ་སྩལ་དོན། དེ་རིང་ཆོས་འབྲེལ་ཉིན་མཐའ་མ་རེད། སྤྱིར་བཏང་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱ་རྒྱུ་དེ་རྒྱལ་བ་དགྱེས་པའི་མཆོད་པ་ཡག་ཤོས་ཡིན། ང་ཚོ་ཚང་མས་རང་རྒྱུད་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་ཐབས་བྱེད་དགོས། གལ་ཏེ་བྱང་ཆུབ་སེམས་རང་རྒྱུད་ལ་བསྐྱེད་ན་སྡིག་སྒྲིབ་ཀྱང་དེས་བྱང་གི་ཡོད། དེར་བརྟེན་རང་ཉིད་ཀྱི་སྡིག་སྒྲིབ་བྱང་སྟེ་ཚོགས་སྒྲུབ་རྒྱུ་ཞིག་བྱུང་ན། རང་དོན་ཞོར་དུ་གྲུབ་ཀྱི་ཡོད།
དཔེར་ན། རྗེ་རིན་པོ་ཆེས་བསམ་པ་གཞན་དོན་བསམས། རང་དོན་ཞོར་དུ་འགྲུབ་པའི་ཐབས་མཁས་པ་ཡིན། ཞེས་གསུངས་ཡོད། དེ་ལྟ་བུའི་ཐོག་བསམ་བློ་གཏོང་རྒྱུ་དེ་ང་ཚོ་མིས་ཐུབ་ཀྱི་ཡོད། ལམ་སྟོན་ཐེག་ཆེན་གྱི་གཞུང་དེ་དག་ཡོད། དཔེ་ལྟ་ས་ཡང་བྱང་ཆུབ་སེམས་དཔའ་སྔོན་གྱི་ས་ལམ་གྲོལ་མཁན་རྣམས་ཡོད། སྐབས་འདི་འདྲ་ཞིག་ལ་ང་ཚོས་བྱང་ཆུབ་ཀྱི་སེམས་སྒོམ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། དཔེ་ཆ་བཞག་ན། ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ནས། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག ཅེས་པའི་བློ་ཞིག་སྦྱང་ཐུབ་ན། སྐྱིད་པའི་སྐྱིད་འགོ་བཙུགས་པ་དང་། བརྟན་དུ་བདེ་བའི་འགོ་བཙུགས་པ་མ་ཟད། རྒྱལ་བ་དགྱེས་པའི་མཆོད་པ་ཡག་ཤོས་ཆགས་ཡོད། དེ་རིང་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དེ་དུས་ནམ་ཡང་ཉམས་མེད་ཐོག་ཉམས་ལེན་བྱེད་དགོས་བསམས་པའི་བསམ་བློ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་བཀའ་སློབ་སྩལ་ཡོད།