༢༠༠༩ ཕྱི་ཟླ་ ༧ ཚེས་ ༡༣ རེས་གཟའ་ཟླ་བ།
༄༅། །རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་རྒྱ་གར་ནང་གནས་ཧི་མཱ་ལ་ཡའི་མི་རིགས་རྣམས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་མཛད་འཕྲིན་ལ་བཀའ་དྲིན་རྗེས་དྲན་ཞུ་བའི་མཛད་སྒོ་ཞིག་ཕྱི་ལོ་ ༢༠༠༩ ཟླ་ ༧ ཚེས་ ༦ཉིན་མགོན་པོ་གང་ཉིད་དགུང་གྲངས་ ༧༤ ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་གྱི་དུས་ཚིགས་ཁྱད་འཕགས་ཅན་དང་སྟབས་བསྟུན་མགོན་པོ་གང་ཉིད་རྒྱ་གར་འཕགས་པའི་ཡུལ་དུ་ཆིབས་སྒྱུར་བསྐྱངས་ཏེ་ལོ་གྲངས་ ༥༠ འཁོར་བའི་མཛད་སྒོ་རྒྱ་ཆེ་ཞིག་གོ་སྒྲིག་གནང་ཡོད་པའི་མགྲོན་གྱི་གཙོ་བོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ཞུའི་གསོལ་འདེབས་ཞུས་པ་ལྟར་༸ཞབས་སོར་འཁོད་ཡོད་པ་རེད། དེ་ཡང་ཧི་མཱ་ལ་ཡའི་ཆོས་རིག་འཛིན་སྐྱོང་ཚོགས་པས་གཙོས་ཧི་མཱ་ལ་ཡའི་མི་རིགས་ཚོས།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཤེས་ཡོན་འཛིན་སྐྱོང་སྤེལ་གསུམ་དང་། རིག་གཞུང་སྲུང་སྐྱོབ། རིས་མེད་ཆོས་ལུགས་ཕན་ཚུན་མཐུན་ལམ། ཁོར་ཡུག་སྲུང་སྐྱོབ་ལ་རྒྱབ་སྐྱོར། འཛམ་གླིང་ཡོངས་ལ་འཚེ་མེད་ཞི་བའི་ལམ་སྟོན་བཀའ་དྲིན་བླ་ན་མེད་པ་བསྐྱངས་དང་སྐྱོང་མུས་ཡིན་པར་བརྟེན།
ཐེངས་འདིར་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ཚོས་མགོན་པོ་གང་ཉིད་ཀྱི་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་ཞིག་ལྡི་ལིར་ཡོད་པའི་མ་ཝ་ལང་ཁ་ཚོགས་ཁང་དུ་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་ཚོགས་ཡོད་པ་རེད། མཛད་སྒོའི་ཐོག་མར་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྡོ་རྗེ་མཁའ་འགྲོ་མཆོག་ནས་སྣེ་ཁྲིད་འོག་ཧི་མ་ལ་ཡའི་རི་རྒྱུད་ཁག་གི་སྐུ་ཚབ་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་གྱིས་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད། དེ་ཡང་ཧི་མ་ལ་ཡའི་ཆོས་རིག་འཛིན་སྐྱོང་ཚོགས་པའི་ཚོགས་གཙོ་བློ་ཆོས་རིན་པོ་ཆེ་ནས་ཕེབས་བསུའི་གསུང་བཤད་གནང་དོན། ད་རེས་ཀྱི་མཛད་སྒོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པར་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་མི་མང་ཡོངས་ཀྱིས་ཚབ་ཞུས་ཏེ་ཐུགས་རྗེ་བཀའ་དྲིན་ལན་བརྒྱར་ཆེ་ཞུ་རྒྱུ་ཡིན། ཞེས་ཞུས་ཡོད་པ་རེད།
ཐེངས་འདིའི་མཛད་སྒོའི་ཐོག་༸གོང་ས་མཆོག་ནས་བཀའ་སློབ་ཕེབས་དོན། ཧི་མཱ་ལ་ཡའི་མི་མང་ཚོས་རྒྱུན་དུ་ནང་ཆོས་ལ་དད་པ་བྱས་པ་ཙམ་མིན་པར། དངོས་སུ་ནང་ཆོས་ཀྱི་སྙིང་པོ་རྣམས་ཉིན་རེའི་མི་ཚེའི་བྱ་གཞག་ནང་ལེན་ཐུབ་པ་བྱེད་གལ་ཆེ་བ་སོགས་ཀྱི་ལམ་སྟོན་བཀའ་སློབ་ཕེབས་ཡོད། དེ་ཡང་༸གོང་ས་མཆོག་ནས། ” ང་ཚོ་ཆོས་ཕྱོགས་ནས་འབྲེལ་བ་ཆགས་ཏེ་བླ་མ་དང་སློབ་མ། དེ་བཞིན་དམ་ཚིག་འབྲེལ་བའི་ཆོས་གྲོགས་ཆགས་ཡོད་པར་སོང་ཁྱེད་ཚོའི་ངོས་ནས་དད་པ་དང་། དམ་ཚིག་རྨ་མེད་པ་ཇི་ཙམ་ཟབ་པོ་ཡོད་པ་དེ་ཙམ་གྱི་ངོས་རང་ཚེ་རིང་དུ་གནས་རྒྱུར་ཕན་ཐོགས་ཏན་ཏན་ཡོང་རྒྱུ་རེད་བསམ་གྱི་འདུག དེར་བརྟེན་ཁྱེད་ཚོ་འདིར་དངོས་སུ་སླེབས་པ་དང་དེ་བཞིན་ཁྱེད་རྣམས་གང་ནས་ཡོང་སའི་ཡུལ་ཁག་དེ་དག་གི་སྐྱ་སེར་ཕོ་མོ་རྒན་གཞོན་ཚང་མས་ངོས་ལ་གྲོགས་པོའི་འདུ་ཤེས་དང་། ཆོས་ཕྱོགས་ནས་དད་པ་ཡོད་པ་དང་དམ་ཚིག་གཙང་མ་ཆགས་ཏེ་བསྡད་ཡོད་པ་རེད། དེ་འདྲ་ཡིན་དུས་ཁྱེད་ཚོས་རེ་བ་དང་སྨོན་ལམ་བརྒྱབ་པ་ནང་བཞིན་ངོས་ཀྱི་ཚེ་ཚད་སྔོན་དུ་མངའ་སྡེའི་བློན་ཆེན་ནས་ལོ་ངོ་སྟོང་ཕྲག་བརྟན་པ་ལབ་སོང་ཡང་སྟོང་ཕྲག་གནས་མིན་མི་ཤེས་ཀྱང་གང་ལྟར་ལོ་ངོ་བརྒྱ་ཕྲག་སྡོད་ཐུབ་རྒྱུའི་རེ་བ་ཡོད། དེ་བཞིན་ཁྱེད་རང་ཚོ་ཡིན་ཡང་ལུས་ཁམས་བདེ་བ་དང་། ཚེ་རིང་བ། མི་ཚེ་དོན་དང་ལྡན་པ། རང་དང་གཞན་འདི་ཕྱི་གཏན་གྱི་འདུན་མ་བསྒྲུབ་ཐུབ་རྒྱུའི་སྨོན་ལམ་འདེབས་ཀྱི་ཡོད། ད་ཆ་བོད་ཀྱི་གནས་སྟང་ཧ་ཅང་གཉན་འཕྲང་ཅན་ཞིག་ཆགས་པའི་སྐབས་འདིར། ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་རྒྱ་ཆེའི་མི་མང་རྣམས་ནས་ལོ་ངོ་སྟོང་ཕྲག་རིང་ཁྱེད་ཚོའི་ས་ཁུལ་དུ་དར་ཞིང་གནས་པའི་སངས་རྒྱས་ཀྱི་ཆོས་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ་ཞིག་དང་། དེ་དང་འབྲེལ་བའི་ཕ་མེས་ཀྱི་གཅེས་ནོར་རིག་གཞུང་དེ་དག་ངོས་འཛིན་དང་བདག་གཅེས་གནང་ཡོད་པ་དེ་དག་ལ་དད་པ་ཡོད་པ་གཅིག་པུས་མི་འགྲིག་པར་སྡེ་སྣོད་གསུམ་ལ་སློབ་སབྱོང་ཡག་པོ་བྱས་ཏེ། བསླབ་པ་གསུམ་ལག་ལེན་དུ་བསྟར་ཏེ་ལུང་རྟོགས་ཀྱི་བསྟན་པ་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་རྒྱུ་ཞིག་གནང་རོགས་ཞེས་ཞུ་རྒྱུ་ཡིན། དེ་ནི་རབ་བྱུང་ཕོ་མོ་གཅིག་པུས་བྱེད་རྒྱུ་ཞིག་མིན་པར་སྐྱ་སེར་ཕོ་མོ་དབྱེར་མེད་ཀྱིས་སློབ་སྦྱོང་བྱས་ཏེ་དེའི་ནང་དོན་ལག་ལེན་བསྟར་རྒྱུ་གལ་ཆེན་པོ་ཡིན། ” ཞེས་སོགས་ཀྱི་བཀའ་སློབ་བཀའ་དྲིན་ཆེ་བ་ཕེབས་ཡོད། སྐབས་དེར་མཛད་སྒོར་བཅར་བའི་གནད་ཡོད་མི་སྣ་རྣམས་ནས་རང་རང་སོ་སོས་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་ཡོད་པ་མ་ཟད་གང་ཉིད་ཀྱི་རླབས་ཆེན་མཛད་འཕྲིན་ཁག་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཞུས་ཡོད། དེ་བཞིན་མཛད་སྒོའི་ཐོག་ཧི་མ་ལ་ཡའི་མི་མང་ནས་མངའ་སྡེ་སོ་སོའི་རིག་གཞུང་འཁྲབ་སྟོན་གྱི་གཟིགས་ཕུད་ཀྱང་འབུལ་ལམ་ཞུས་ཡོད། ཉིན་དེའི་མཛད་སྒོར་རྒྱ་གར་གྱི་གནད་ཡོད་མི་སྣ་དེ་སྔའི་སྲིད་འཛིན་ཟུར་པ་ཨབ་རྡུལ་ཀ་ལམ་མཆོག་དང་། ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག ཇ་མུ་དང་ཀ་ཤི་མིར་མངའ་སྡེའི་འགྲིམ་འགྲུལ་བློན་ཆེན་མཆོག འབྲས་ལྗོངས་མངའ་སྡེའི་འཕྲོད་བསྟེན་བློན་ཆེན་མཆོག དེ་བཞིན་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་དང་། ལོ་ཆེན་རིན་པོ་ཆེ་མཆོག མཚོ་སྣ་རིན་པོ་ཆེ་མཆོག གཞན་ཡང་ཕྱི་རྒྱལ་གཞུང་ཚབ་ཁག་གི་སྐུ་ཚབ་དང་མི་མང་བཅས་ཁྱོན་མི་གྲངས་ ༡༠༠༠ བརྒལ་བ་མཛད་བཅར་ཞུས་ཡོད་པ་བཅས་སོ།།