༢༠༡༣ ཟླ་ ༨ ཚེས་ ༢༧ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢༧ རེས་གཟའ་མིག་དམར་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་རྡ་ཤོད་ཀྱི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་ད་ཡ་ནནྡཱ་དཔེ་སྟོན་སློབ་གྲྭའི་ཚོགས་ཁང་ནང་དུ་ (Dayanand Model Senior Secondary School) བོད་སྐོར་གྱི་བརྗོད་གཞིའི་ཐོག་གཏམ་བཤད་འགྲན་བསྡུར་གནང་ཡོད་པར་ཉེ་འཁོར་བུ་མོའི་སློབ་གྲྭ་དང་། དམག་མིའི་སློབ་གྲྭ དེ་བཞིན་ད་ཡ་ནནྡཱ་སློབ་གྲྭ བཅས་ཀྱི་འཛིན་རིམ་བརྒྱད་པ་ནས་བཅུ་གཉིས་དབར་གྱི་སློབ་མ་ཕན་ཚུན་འགྲན་བསྡུར་བྱས་ཡོད། འགྲན་བསྡུར་གོ་སྒྲིག་གནང་མཁན་རྒྱ་གར་ཧི་མཱ་ལ་ཡ་ཁྱིམ་ཚང་ (Himalaya Pariwar) ཞེས་པའི་ཚོགས་པ་ཡིན་འདུག
སྐབས་དེར་སྐུ་མགྲོན་གཙོ་བོ་ཀངྒ་ར་རྫོང་གི་རྫོང་དཔོན་གཞོན་པ་སྐུ་ཞབས་རོ་ཧན་ཐ་ཀུར་ (Additional Deputy Commissioner of kangra, Rohan Chand Thakur) མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲུང་ཆེ་ལས་འཕར་བློ་བཟང་ལགས་བཅས་ཡིན་འདུག དེ་ཡང་ཐོག་མར་སྐུ་མགྲོན་རྣམ་པས་སྣང་གསལ་ཞལ་ཕྱེ་གནང་གྲུབ་བསྟུན། ལས་རིམ་གཙོ་སྐྱོང་བ་དང་ཧི་མཱ་ལ་ཡའི་ཁྱིམ་ཚང་གི་ས་གནས་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་རི་ཤི་ཝ་ལི་ཡ་ལགས་ཀྱིས་གཏམ་བཤད་འགྲན་བསྡུར་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་།
དེ་རྗེས་བུད་མེད་སློབ་མ་ཁག་གཅིག་གིས་དབྱངས་ཅན་མའི་བསྟོད་གླུ་དབྱངས་སུ་གྱེར་ནས་ཤིས་བརྗོད་བཏོན། དེ་རྗེས་སློབ་མ་དགུས་འཕགས་བོད་འབྲེལ་ལམ་སྐོར་དང་། བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པ། བོད་ཀྱི་ཁོར་ཡུག་རྩ་མེད་བཟོ་བཞིན་པ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པ། བོད་ཀྱི་རིག་གཞུང་ལ་ཉེན་ཁ་ཇེ་ཆེར་འགྲོ་བཞིན་པ་སོགས་བོད་དོན་དང་འབྲེལ་བའི་བརྗོད་བཞི་དགུའི་ཐོག་གཏམ་བཤད་སྐར་མ་ལྔའི་རིང་གནང་ནས་འགྲན་བསྡུར་བྱས་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་མཛད་སྒོའི་གཏམ་བཤད་ནང་གསུང་དོན། ང་རང་བོད་མི་ཚོ་དང་སེམས་ཐག་ཉེ་བ་མ་ཟད་དམིགས་བསལ་འབྲེལ་བ་ཡོད། སྐབས་ཤིག་ང་རང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུ་སྐབས་༸གོང་ས་མཆོག་གིས་འཕགས་བོད་གཉིས་དབར་ལོ་ངོ་བརྒྱ་ཕྲག་རིང་ནས་ཆོས་དང་རིག་གཞུང་སོགས་ཀྱི་འབྲེལ་བ་ཧ་ཅང་ཡོད་པ་མ་ཟད། བོད་ནང་རྟེན་གཞི་བྱས་པའི་གངས་ཏི་སི་ནི་རྒྱ་གར་གྱི་ལྷ་དབང་ཕྱུག་ཆེན་པོའི་གནས་ཡིན་པར་རྒྱ་གར་བ་ཚོས་ངོས་འཛིན་བྱེད་བཞིན་ཡོད་སྐོར་སོགས་བཀའ་སློབ་སྩལ་གནང་སོང་། སྤྱིར་བཏང་ང་རང་སྐྱེས་ཡུལ་ལ་ཧུལ་དང་སྤྱི་ཏི་ཁུལ་ནས་ཡིན། ཁུལ་དེར་མང་ཚོགས་ཕལ་མོ་ཆེ་ནང་ཆོས་བྱེད་མཁན་ཆགས་ཡོད། རྒྱ་གར་གྱི་ས་གནས་འདྲ་མིན་ནང་བོད་པ་ཡོད། འོན་ཀྱང་བློ་ཕམ་པ་ཞིག་ལ་རྒྱ་གར་ཡུལ་མི་དང་བོད་མིའི་དབར་འབྲེལ་བ་དེ་ཙམ་ཡོང་མི་ཐུབ། དེར་བརྟེན་འགྲན་བསྡུར་འདི་ལྟ་བུ་བརྒྱུད་ནས་བོད་པ་དང་རྒྱ་གར་ཡུལ་མིའི་དབར་འབྲེལ་བ་བཟང་དུ་འགྲོ་ངེས་ཡིན། གོ་སྒྲིག་ཚོགས་ཆུང་ནས་འདི་ལྟ་བུའི་ལས་རིགས་གང་མང་སྤེལ་ཐུབ་རྒྱུའི་འབད་བརྩོན་གནང་རོགས་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་།
ཕྱོགས་མཚུངས་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་སྲིད་བྱུས་ཉམས་ཞིབ་ཁང་གི་དྲུང་འཕར་བློ་བཟང་ལགས་ཀྱིས་འཕགས་བོད་གཉིས་དབར་ཆོས་དང་སྐད་ཡིག་སོགས་ཀྱི་འབྲེལ་བ་སྔ་མོ་ཡོད་པ་ནི་བོད་ཀྱི་བསྟན་བཅོས་ཀྱི་དབུར་རྒྱ་གར་སྐད་དུ་ཞེས་འབྲི་སྲོལ་ཡོད་པ་དང་། ལྷག་པར་བོད་མི་ཚང་མས་འདོན་རྒྱུའི་མ་ཎི་ལྟ་བུ་སྔགས་ཡིག་རྣམས་རྒྱ་གར་ལེགས་སྦྱར་སྐད་ཡིན་ནང་ཡོད་པ་སོགས་འགྲེལ་བརྗོད་གནང་། དེ་ནས་འབྲེལ་ཡོད་མི་སྣ་ཁག་གཅིག་གིས་གཏམ་བཤད་གནང་རྗེས་གཞས་སྣ་འཁྲབ་སྟོན་གནང་ནས་འགྲན་བསྡུར་གྲོལ། འགྲན་བསྡུར་སྐབས་ཕྱི་དྲིལ་འགྲེམས་སྟོན་ཚན་པས་བོད་ཀྱི་ལོ་རྒྱུས་ལ་ཡུད་ཙམ་ལྟ་བ། (Glimpses On the History of Tibet) ཞེས་པའི་པར་རིགས་འགྲེམས་སྟོན་གནང་བ་མ་ཟད། ཕྱི་དྲིལ་འགྲེམས་སྤེལ་ཚན་པས་༸གོང་ས་མཆོག་གི་བཀའ་སློབ་དང་། དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་བྱུང་རིམ་སྐོར། བོད་མིའི་སྒྲིག་འཛུགས་ཀྱི་ངོ་སྤྲོད། ༸གོང་ས་མཆོག་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་མཛད་སྐབས་ཀྱི་བཀའ་སློབ་སོགས་ཀྱི་དཔེ་དེབ་འགྲེམས་སྤེལ་གནང་ཡོད།