༢༠༡༣ ཟླ་ ༨ ཚེས་ ༢༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢༣ རེས་གཟའ་པ་སངས་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཨ་རིའི་གྲོང་ཁྱེར་པོཌ་ལེན་ཌིའི་ Portland བོད་མིའི་རིག་གཞུང་བསྟི་གནས་ཁང་དུ་ Tibetan cultural center ཕེབས་སྐབས་ས་གནས་བོད་མི་ ༦༠༠ ཙམ་གྱིས་སྲོལ་རྒྱུན་གྱི་ལམ་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་རྗེས་སྲིད་སྐྱོང་མཆོག་གིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་སྐབས། ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་ ༡༢༠ རང་ལུས་མེར་སྲེག་བཏང་བའི་རྒྱུ་རྐྱེན་གཙོ་བོ་ནི་རྒྱ་ནག་གཞུང་གིས་བོད་ནང་བཙན་འཛུལ་བྱས་པ་མ་ཟད། བོད་མིའི་ཐོག་དམ་བསྒྲགས་ཅན་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་བཞིན་པའི་ཐོག བོད་མིའི་རིག་གཞུང་རྩ་མེད་བཟོ་བ་དང། དཔལ་འབྱོར་ཟུར་ཕུད་བྱས་པ། དེ་བཞིན་བོད་མི་འབྲོག་པ་ས་ཡ་ ༢ ཙམ་ས་ཁང་ནང་བཙན་དབང་འོག་གནས་སྤོ་བྱེད་བཅུག་ནས་འབྲོག་པའི་འཚོ་བའི་མདུན་ལམ་ལ་འགོག་རྐྱེན་བཟོས་ཏེ། འབྲོག་པ་རྣམས་ལ་འཚོ་བའི་མདུན་ལམ་གང་ཡང་མེད་པའི་གནས་སྟངས་ཧ་ཅང་ཐབས་སྡུག་འོག་དཀའ་ངལ་མྱངས་དང་མྱོང་བཞིན་པ་སོགས་ལ་བརྟེན། མཐར་འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེར་སྲེག་གཏོང་རྒྱུའི་ལས་འགུལ་དེ་དག་སྤེལ་བའི་ཁྲོད་བོད་མི་ ༡༠༠ ལྷག་རྐྱེན་འདས་སུ་གྱུར་ཡོད་སྐོར་སོགས་གསུངས།
ལྷག་པར་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ངོས་ནས་གཞིས་བཞུགས་སྤུན་ཟླ་ཚོར་ཚབས་ཆེའི་ལས་འགུལ་རིགས་སྤེལ་རྒྱུར་བརྒྱུད་སྐུལ་ནམ་ཡང་བྱས་མེད་པ་མ་ཟད། ཁོང་ཚོར་རང་ལུས་མེར་སྲེག་གིས་མཚོན་ཚབས་ཆེའི་ལས་འགུལ་རིགས་མ་སྤེལ་རོགས་ཞེས་འབོད་སྐུལ་ཞུས་དང་ཞུ་མུས་ཡིན་ནའང། གཞིས་ལུས་བོད་མི་ཚོས་བོད་མིའི་ཆིག་སྒྲིལ་དང་བོད་ལ་རང་དབང་དགོས་པ། དེ་བཞིན་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ་སོགས་ཀྱི་དགོས་འདུན་ཤུགས་ཆེ་བཏོན་པ་དང་སྦྲགས། རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་བཞིན་ཡོད། ང་ཚོས་བོད་མི་སུ་འདྲ་ཞིག་རང་ལུས་མེར་སྲེག་ལམ་ནས་རྐྱེན་འདས་སུ་འགྲོ་རྒྱུར་འདོད་པ་ནམ་ཡང་བྱེད་ཀྱི་མེད། དེར་བརྟེན་ཚབས་ཆེའི་ལས་འགུལ་དེ་རིགས་མ་སྤེལ་རྒྱུར་ཐབས་ཤེས་བྱེད་བཞིན་ཡོད། འོན་ཀྱང་ནང་པ་ཞིག་ཡིན་པའི་ཆ་ནས་རང་སྲེག་ལས་འགུལ་འོག་རྐྱེན་འདས་སུ་གྱུར་བ་རྣམས་ལ་མཆོད་འབུལ་བྱ་རྒྱུ་ནི་ང་ཚོའི་ཆོས་ཕྱོགས་ཀྱི་འགན་ཞིག་ཆགས་ཡོད། ཅེས་ལན་འདེབས་གནང་ཡོད། དེ་བཞིན་བོད་རྒྱ་འབྲེལ་མོལ་ཐོག་དྲི་བར་ལན་འདེབས་གནང་སྐབས་སྲིད་སྐྱོང་མཆོག་གིས།
དེང་སྐབས་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིན་གྱིས་ཕྱི་ཟླ་ ༣ ནས་འགོ་ཁྲིད་ཀྱི་ལས་འགན་རྩིས་ལེན་བྱས་པ་ནས་བཟུང་རྒྱ་ནག་གཞུང་གི་མཁྲེགས་བཟུང་གི་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་བཞིན་པ་ལས་གུ་ཡངས་ཀྱི་རྣམ་འགྱུར་གང་ཡང་བསྟན་མེད་ཀྱང། བོད་མིའི་སྒྲིག་འཛུགས་ཕྱོགས་ནས་རྒྱ་ནག་དང་ལྷན་དུ་གནས་དུས་གང་འདྲ་ཞིག་ལ་གྲོས་མོལ་བྱེད་ཀྱང་གྲ་སྒྲིག་ཨང་གསར་ཡོད་སྐོར་གསལ་བཤད་གནང་ཡོད། དེ་རྗེས་ཚོགས་ཁང་ནང་དུ་ས་གནས་བོད་མི་ ༦༠༠ ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་སྤྱི་དང་ལྷག་པར་མང་ཚོགས་ཀྱི་དྲི་བར་ལན་འདེབས་གནང་སྐབས་འཚེ་མེད་ཞི་བའི་ལམ་ནས་བོད་མི་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་ཐོག་ཧོང་ཀོང་ Hong Kongདང་མ་ཁའོ་ Macau བཞིན་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་ཐོབ་རྒྱུར་ཡིད་ཆེད་བརྟན་པོ་ཡོད་སྐོར་གསུངས། སྲིད་སྐྱོང་མཆོག་རེས་གཟའ་སྤེན་པའི་ཉིན་ཨ་རིའི་མངའ་སྡེ་སི་ཡ་ཊེལ་ Seattle དང་ལོ་སི་ཨན་ཇི་ལེ་སི། Los Angeles དེ་བཞིན་སལ་ལེཀ་སི་ཊི། Salt Lake City དང་གྲོང་ཁྱེར་ནིའུ་ཡོཀ་ New York བཅས་ནང་ཕེབས་འཆར་ཡོད་འདུག་པ་བཅས།།