༢༠༡༣ ཟླ་ ༨ ཚེས་ ༢༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢༠ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་གི་མི་དམངས་མཉམ་འབྲེལ་ཚོགས་ཁང་ནང་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱིས་གཙོ་སྐྱོང་འོག་བོད་མིའི་མཉམ་འབྲེལ་ཁག་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༣ པའི་འགོ་འཛུགས་མཛད་སྒོར་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་མཉམ་འབྲེལ་གྱི་བརྒྱུད་རིམ་ངོ་སྤྲོད་དང་འབྲེལ་གསུང་བཤད་གནང་དོན། སྤྱིར་བཏང་ང་ཚོ་བོད་མི་རྒྱ་གར་ནང་སྐྱབས་བཅོལ་དུ་སླེབས་མ་ཐག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཟིགས་རྒྱང་རིང་པོའི་དགོངས་བཞེད་ཀྱིས་བོད་མིའི་མཉམ་འབྲེལ་ཁག་གསར་འཛུགས་མཛད་ཡོད།
ང་ཚོ་བོད་མིའི་སྤྱི་ཚོགས་ནང་ཞན་ཆ་གཉིས་ཡོད། མང་ཚོགས་ལ་འགན་ཁུར་གྱི་བསམ་བློ་མེད་ཁར་གཞན་རྟེན་གྱི་བསམ་བློ། དེ་བཞིན་ལས་དོན་ལ་ཞིབ་འཇུག་དང་མཐུན་སྒྲིལ་ལ་དོ་སྣང་མ་བྱས་པའི་གོམས་གཤིས་ཤིག་ཡོད། དེར་བརྟེན་མ་འོངས་པར་གཞན་རྟེན་གྱི་བསམ་བློ་དོར་ཏེ་ཁྲིམས་སྒྲིག་དང་ཡུལ་ཁྲིམས་སོགས་ལ་ག་དུས་ཡིན་རུང་མཁྱེན་རྒྱ་ཡངས་པོ་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གོང་དུ་གསུང་བཤད་ནང་ཚོགས་ཁང་འདི་ཕྱི་རྒྱལ་གྱི་རོགས་དངུལ་མེད་པའི་ཐོག་ནས་བརྒྱབ་པ་རེད་ཅེས་གསུངས་པ་དེ་ཧ་ཅང་ཡག་པོ་རེད། ང་ཚོ་བོད་པས་ལས་གཞི་ཞིག་བརྩམས་ཕྱིན་ཆད་ལ་རོགས་དངུལ་ལེན་ཤག་བྱ་རྒྱུའི་གོམས་གཤིས་དེ་ལོ་ལྔ་བཅུ་ང་གྲངས་ནས་འཇགས་ཡོད།
གོམས་གཤིས་དེ་དག་མེད་པ་བཟོ་རྒྱུ་ཕྱི་དྲགས་པ་རེད་མ་གཏོགས་སྔ་དྲགས་མེད། གཅིག་བྱས་ན་མ་འོངས་པར་སྤྱི་མཐུན་མཉམ་འབྲེལ་གྱིས་འཛིན་སྐྱོང་དང་ལམ་སྟོན་འོག་ས་གནས་མཉམ་འབྲེལ་ཚང་མས་རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཆོས་དང་རིག་གཞུང་ཤེས་ཡོན་སློབ་གསོ། འཕྲོད་བསྟེན་སོགས་ཀྱི་ཐོག་འགོ་ཁྲིད་གནང་ཐུབ་པ་ཞིག་དང་། མ་འོངས་པར་གཞིས་བྱེས་མཉམ་འཛོམས་བྱུང་སྐབས་རྒྱལ་ནང་དང་རྒྱལ་སྤྱིའི་གཉིས་ནང་མཉམ་འབྲེལ་གྱི་ལས་འགུལ་ཐོག་ནས་བོད་པའི་སྤྱི་ཚོགས་ལ་ཞབས་འདེགས་ཆེན་པོ་བསྒྲུབ་རྒྱུའི་གོ་སྐབས་དང་མཐུན་རྐྱེན་ས་བོན་ཡོད།
ང་ཚོས་དེ་ངོ་ཤེས་པའི་ཐོག་བེད་སྤྱོད་གནང་ཐུབ་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། མཉམ་འབྲེལ་འགན་འཛིན་ལྷན་ཚོགས་ནས་འཆར་གཞི་ལོ་གསུམ་དང་ལྔ་ཙམ་མ་སྒྲིག་པར་མི་རབས་ནས་མི་རབས་བར་རྒྱུན་གནས་ཐུབ་པའི་ལས་རིམ་བསྒྲིག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། དེ་ནས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོས་གསུང་བཤད་ཀྱང་གནང། ཐེངས་འདིའི་ཚོགས་འདུ་དེ་བཞིན་ཉིན་གྲངས་གསུམ་རིང་འཚོགས་རྒྱུ་ཡིན་འདུག