༢༠༡༣ ཟླ་ ༨ ཚེས་ ༢༠ རེས་གཟའ་མིག་དམར།
༄༅། །བཀའ་ཤག་སྐབས་བཅུ་བཞི་པས་ལས་ཁུར་ཞུས་ཏེ་ལོ་གཉིས་ཧྲིལ་པོ་འཁོར་མཚམས་འདིར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲ་རྒྱའི་སྡེ་ཚན་ནས་དྲི་བ་ཞུས་པར་ལན་འདེབས་གནང་བ་རྣམས་གཤམ་གསལ།
༡༽ དྲི་བ། སྐུ་ཉིད་ནས་སྲིད་སྐྱོང་གི་མཛད་འགན་བཞེས་ཏེ་ལོ་གཉིས་འཁོར་གྱི་ཡོད་སྟབས། ད་བར་ཁྱོན་ཡོངས་ཀྱི་ལས་དོན་གང་འདྲ་བྱུང་སོང༌ངམ།
བཀའ་ལན། ཚང་མས་མཁྱེན་གསལ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་འགོ་འཁྲིད་ལ་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་གནང་རྒྱུའི་བཀའ་ལྕི་ཟློག་མེད་ཕེབས་པའི་དབང་གིས། བཀའ་ཤག་སྐབས་བཅུ་བཞི་པར་ལོ་རྒྱུས་རང་བཞིན་ལྡན་པའི་རླབས་ཆེའི་འགྱུར་བ་འདི་ལམ་ལྷོངས་ཡོང་བ་བྱེད་རྒྱུའི་ལས་འགན་ཆེན་པོ་ཞིག་བབས་ཡོད། དེ་འདྲ་སོང་ཙང་ང་ཚོའི་ཁྱོན་ཡོངས་ཀྱི་ལས་དོན་བྱེད་ཕྱོགས་དེ་ཐོག་མར་ནུས་ཤུགས་ཕྱོགས་སྒྲིལ་བྱེད་རྒྱུ་དང༌། དངོས་གཞིའི་ལས་འགུལ་ཁག་སྤེལ་རྒྱུ། མཐར་འབྲེལ་མོལ་ཐོག་འབབ་རྒྱུ་བཅས་ཀྱི་ལས་དོན་གོ་རིམ་ངེས་ཅན་ཞུས་ཡོད།
དེ་ཡང་ཐོག་མའི་ལོ་གཅིག་ལྷག་རིང་སྐུ་དབང་རྩིས་སྤྲོད་གནང་བའི་བརྒྱུད་རིམ་ལམ་ལྷོངས་ཡོང་ཐབས་སུ་ནུས་ཤུགས་ཕྱོགས་སྒྲིལ་བྱེད་རྒྱུའི་ལས་འགུལ་སྤེལ་བའི་ཁོངས། དྷ་རམ་ས་ལར་འཛམ་གླིང་གང་སར་གནས་པའི་བཙན་བྱོལ་བོད་མིའི་ཚོགས་ཆེན་དང༌། རྒྱ་གར་དང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་བསྐོང་ཚོགས་ཞུས་པ་ཡིན།
༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་རྗེ་འཕྲིན་ལས་ལ་བརྟེན་ནས་ལོ་རྒྱུས་རང་བཞིན་ལྡན་པའི་རླབས་ཆེའི་འགྱུར་བ་འདི་ལམ་ལྷོངས་ཡོང་ཐབས་སུ་ད་བར་གཞིས་བྱེས་བོད་མི་ཡོངས་ཀྱིས་རྒྱབ་སྐྱོར་དང་འགན་ཁུར་ཤུགས་ཆེ་བླང་བར་བཀའ་ཤག་སྐབས་བཅུ་བཞི་པས་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང༌། སླད་མར་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོའི་དགོངས་བཞེས་མངོན་འགྱུར་ཡོང་ཐབས་སུ་རྒྱབ་སྐྱོར་མུ་མཐུད་གནང་སྐྱོང་ཡོང་བ་ཞུ་རྒྱུ་ཡིན།
དངོས་གཞིའི་ལས་འགུལ་གྱི་ཁོངས་སུ་ནེའུ་ཡོག་དང༌། ལྡི་ལི་གསར་པ། སྦར་སིལ། ཁྲོ་ཀི་ཡོ། སི་ཌི་ནི་བཅས་ནང་མང་ཚོགས་འདུ་འཛོམས་ཀྱི་ལས་འགུལ་དང༌། དྲིལ་བསྒྲགས་ཀྱི་ལས་དོན་རྒྱ་གང་ཆེ་སྤེལ་ཡོད། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་ཟུང་འབྲེལ་ཐོག་ཡུ་རོབ་སྤྱི་མཐུན་དང༌། ཨོ་སི་ཊོ་ལི་ཡ། སྦར་ཛིལ། ཉི་ཧོང༌། ཕ་རན་སི། ཨི་ཊ་ལི། ཨ་རི་བཅས་སོགས་ཀྱི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་དང་གྲོས་ཆོད་འཇོག་ཐུབ་པ་བྱུང་ཡོད།
ནུས་ཤུགས་ཕྱོགས་སྒྲིལ་བྱེད་རྒྱུ་དང་དངོས་གཞིའི་ལས་འགུལ་གཉིས་ཀ་མཐར་ཐུག་གི་དམིགས་ཡུལ་འབྲེལ་མོལ་ཐོག་འབབ་རྒྱུའི་ཆེད་ཡིན་སྟབས། རྒྱ་ནག་གཞུང་དང་མཉམ་འབྲེལ་མོལ་མུ་མཐུད་ཡོང་ཐབས་ཀྱི་འབད་རྩོལ་ཞུ་བཞིན་པ་དང༌། བོད་མིའི་སྤྱི་ཚོགས་དང་ཕྱི་རྒྱལ་ཁག་ཏུ་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་ཐབས་ལ་ནུས་ཤུགས་འདོན་རྒྱུ་ཡིན། རིང་མིན་ཕྱི་ཟླ་ ༩ པའི་ནང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༢༦ པ་དེ་བཞིན་འཚོགས་འཆར་ཡིན་པས་བོད་དང་རྒྱ་ནག་ནང་འབྱུང་བཞིན་པའི་འགྱུར་བ་ཁག་ལ་བསམ་ཞིབ་གྲོས་བསྡུར་ཞུ་རྒྱུ་ཡིན།
༢༽ དྲི་བ། དབུ་མའི་ལམ་གྱི་སྲིད་བྱུས་ཟེར་ན་གང་རེད། སྲིད་བྱུས་དེས་བོད་དང་བོད་མིར་ཕན་ཐོགས་གང་བྱུང་ཡོད་དམ།
བཀའ་ལན། ཕྱི་ལོ་ ༡༩༧༠ དོན་གྲངས་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེའི་ལས་ཀྱི་སྣེ་མོ་བ་རྣམས་དང༌། བོད་ནང་ནས་ཀྱང་གོ་སྐབས་ནམ་བྱུང་ལ་བསམ་འཆར་བསྡུ་ལེན་ཞུས་པ་བཅས་བསམ་ཞིབ་གྲོས་བསྡུར་རིམ་པ་གནང་རྗེས་བོད་དོན་དཀའ་རྙོག་སེལ་ཐབས་སུ་མ་འོངས་རྒྱང་གཟིགས་ཀྱིས་དངོས་ཡོད་གནས་ཚུལ་དང་མཐུན་པའི་སྲིད་བྱུས་ཤིག་དགོངས་བཞེས་གནང་ཡོད།
སྲིད་བྱུས་འདི་མཐའ་གཉིས་ཀྱི་དབུས་ཏེ། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་མིའི་ཐོག་ལག་བསྟར་བྱེད་བཞིན་པའི་དྲག་གནོན་དང་མི་སེར་སྤེལ་བའི་རིང་ལུགས་ཀྱི་སྲིད་བྱུས་ཁག་མཚམས་འཇོག་དགོས་རྒྱུ་དང༌། དེ་ལྟར་ཡོང་བར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནས་བོད་ཁ་བྲལ་རྩོད་ཀྱི་མེད་སྟབས། ཕྱོགས་གཉིས་ཀ་ལ་ཁེ་ཕན་ཡོད་པ་ཞིག་ཡིན་པས་ན་གཉིས་སྨན་དབུ་མའི་ལམ་ཞེས་བརྗོད་ཅིང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བྱེད་ཀྱི་ཡོད། ལངས་ཕྱོགས་འདི་རྗེས་སུ་ཏེང་ཞའོ་པིང་གིས་༼བོད་རང་བཙན་མ་གཏོགས་གནད་དོན་གཞན་ཚང་མ་གྲོས་མོལ་གྱི་ལམ་ནས་ཐག་གཅོད་བྱེད་ཆོག༽ ཅེས་བཤད་པ་དང་ཡང་ཡོངས་སུ་མཐུན་པ་ཡིན།
དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་ཐད་ཀའི་འབྲེལ་ལམ་ཚུགས་ཏེ་འབྲེལ་མོལ་སྔ་རྗེས་ཐེངས་མང་དང༌། གཞིས་བྱེས་གཉིས་དབར་འགྲོ་འོང་གི་གོ་སྐབས། སློབ་ཕྲུག་དང་གྲྭ་བཙུན་ཁྲི་ཚོ་མང་པོར་བཙན་བྱོལ་དུ་སློབ་སྦྱོང་གི་གོ་སྐབས་ཐོབ་ཡོད།
དབུ་མའི་ལམ་གྱི་སྲིད་བྱུས་བཟུང་བ་ལ་བརྟེན་ནས་གཞིས་བཞུགས་བོད་མི་ཤེས་ཡོན་ཅན་ཚོས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་ཐུབ་པ་བྱུང་ཡོད། ཁྱད་པར་རྒྱལ་སྤྱིའི་ནང་སྲིད་གཞུང་མང་པོས་རྒྱ་ནག་དང་མཉམ་བོད་དོན་སྐོར་གླེང་སློང་དང་རྒྱབ་སྐྱོར་མངོན་གསལ་དོད་པོས་བྱེད་ཐུབ་པ་བྱུང་ཡོད། ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༡༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་གཉིས་མཇལ་མོལ་གནང་རྗེས་ཕོ་བྲང་དཀར་པོའི་གཞུང་འབྲེལ་གསལ་བསྒྲགས་ནང༌། ༼༸གོང་ས་མཆོག་གི་དབུ་མའི་ལམ་གྱི་དགོངས་བཞེས་དང༌། འཚེ་མེད་ཞི་བ། རྒྱ་ནག་གཞུང་དང་མཉམ་གྲོས་བསྡུར་མུ་མཐུད་གནང་རྒྱུའི་ཆོད་སེམས་ལ་སྲིད་འཛིན་གྱིས་གཟེངས་བསྟོད་གནང་གི་ཡོད།༽ ཅེས་དང༌། ༼ཐད་ཀར་འབྲེལ་མོལ་བརྒྱུད་ཕན་ཚུན་དབར་གྱི་མི་མཐུད་པ་རྣམས་སེལ་ཐབས་བྱེད་རྒྱུར་༽རྒྱབ་སྐྱོར་ཞུས་ཡོད།
དེ་མཚུངས་དབུ་མའི་ལམ་གྱི་གྲུབ་འབྲས་གལ་ཆེ་བ་གཅིག་ནི་རྒྱ་རིགས་མི་མང་དང་ཁྱད་པར་ཤེས་ཡོན་ཅན་ཚོའི་ཁྲོད་བྱུང་ཡོད། ཕྱི་ལོ་ ༢༠༠༨ ལོའི་ཞི་བའི་གྱེན་ལངས་སྐབས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ལིའུ་ཞའོ་པོས་གཙོས་རྒྱ་རིགས་ཤེས་ཡོན་ཅན་དང་རྩོམ་པ་པོ་མང་པོས་རྒྱ་ནག་གཞུང་ལ་ཡོངས་གྲགས་ཐོག་ཞི་བའི་སྒོ་ནས་བོད་དོན་དཀའ་རྙོག་སེལ་ཐབས་གནང་རྒྱུའི་༸གོང་ས་༸སྐྱབས་མགོན་ཆེན་པོའི་དགོངས་བཞེས་ལ་རྒྱབ་སྐྱོར་གྱི་ཞུ་ཡིག་ཕུལ་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་མང་རིང་རྒྱ་རིགས་སློབ་ཕྲུག་དང༌། ཤེས་ཡོན་ཅན། དེ་བཞིན་ནང་ཆོས་དོན་དོན་གཉེར་བ་ས་ཡ་སུམ་བརྒྱ་ལྷག་ཡོད་པའི་ཁྲོད་ཀྱང་འབྲེལ་ལམ་གནང་བ་བཅས་ལ་བརྟེན་ནས་རྒྱ་རིགས་མི་མང་གི་ཁྲོད་བོད་ཀྱི་དངོས་ཡོད་གནས་ཚུལ་ཤེས་མཁན་ཇེ་མང་དུ་འགྲོ་བཞིན་ཡོད།
གོང་གསལ་རྒྱུ་མཚན་དེ་དག་གི་དབང་གིས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་དོན་དཀའ་རྙོག་སེལ་ཐབས་སུ་དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་རྒྱུན་འཛིན་ཞུ་རྒྱུའི་ཆོད་སེམས་བསྐྱར་ནན་ཞུ་རྒྱུ་ཡིན།
༣༽ དྲི་བ། བོད་མི་ཚོས་རང་ལུས་མེར་སྲེག་གནང་དགོས་པའི་རྒྱུ་རྐྱེན་གང་ཡིན་དང༌། བོད་མིའི་སྒྲིག་འཛུགས་ཀྱིས་དེར་གདོང་ལེན་གང་འདྲ་གནང་ཡོད་དམ།
བཀའ་ལན། ཉེ་སྔོན་བཀའ་ཤག་སྐབས་བཅུ་བཞི་པ་ལོ་གཉིས་འཁོར་བའི་དུས་ཚིགས་དང་བསྟུན་ཏེ་ད་བར་རང་ལུས་མེར་སྲེག་གནང་མཁན་རྣམས་གཙོས་བསྟན་སྲིད་མི་རིགས་ཀྱི་དོན་དུ་ལུས་སྲོག་བློས་གཏོང་མཁན་ཡོངས་དང༌། ཁོང་ཚོའི་ནང་མི་སྤུན་ཉེ་ཚོར་གདུང་སེམས་མཉམ་བསྐྱེད་ཀྱི་མཆོད་འབུལ་སྨོན་ལམ་གོ་སྒྲིག་ཞུས་ཡོད། དེ་བཞིན་དེ་ཉིན་བཙན་བྱོལ་བོད་མི་གནས་ཡུལ་འཛམ་གླིང་ས་གནས་གང་སར་མཆོད་འབུལ་སྨོན་ལམ་ཞུས་ཡོད།
བློ་ཕམ་པར་ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་མི་ ༡༢༠ ཡིས་རང་ལུས་མེར་སྲེག་གནང་བ་དང༌། ལོ་འདིའི་ནང་ ༢༢ བྱུང་ཡོད། དེ་དག་གི་ཁྲོད་ནས་ ༡༠༣ འདས་གྲོངས་གྱུར་ཡོད། རང་ལུས་མེར་སྲེག་གནང་མཁན་སྐྱ་སེར་དང༌། ཞིང་པ། འབྲོག་པ། སློབ་ཕྲུག་བཅས་བོད་ཀྱི་རྒྱལ་ས་ལྷ་ས་ཐེ་བའི་བོད་ཆོལ་ཁ་གསུམ་གྱི་ནང་བྱུང་ཡོད།
བོད་མི་ཚོས་རང་ལུས་མེར་སྲེག་གནང་དགོས་པའི་རྒྱུ་རྐྱེན་གཙོ་བོ་རྒྱ་ནག་གཞུང་གིས་བོད་མིའི་ཐོག་ཆབ་སྲིད་ཀྱི་དམ་བསྒྲགས་དང༌། སྤྱི་ཚོགས་དང་དཔལ་འབྱོར་དབྱེ་འབྱེད། རིག་གཞུང་དང་ཁོར་ཡུག་རྩ་གཏོར་ཚབས་ཆེ་བཏང་དང་གཏོང་བཞིན་པ་བཅས་ལ་ཐུག་ཡོད། འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་གནས་ཚུལ་སྤེལ་བ་ལྟར་ན་བོད་ནང་འབྲོག་པ་ས་ཡ་གཉིས་ཙམ་བཙན་དབང་གི་སྒོ་ནས་གནས་སྤོས་བྱས་པ་དང༌། དེ་བཞིན་གཏེར་ཁ་གང་བྱུང་བསྔོག་འདོན་བྱས་པའི་རྐྱེན་གྱིས་ཉེ་སྔོན་ས་གནས་ཁ་ཤས་ནང་ཟིང་ཆའི་གནས་ཚུལ་བྱུང་བ་བཅས་ལ་གཞིགས་ན་དྲག་གནོན་གྱི་སྲིད་བྱུས་མུ་མཐུད་ཁུངས་འཁྱོལ་ཐབས་མེད་པ་ཡང་ཡང་གསལ་སྟོན་བྱས་ཡོད། ཡ་ང་བའི་ཛ་དྲག་གི་གནས་སྟངས་འདི་མཚམས་འཇོག་བྱེད་རྒྱུའི་ཐབས་ལམ་ནི་བོད་མིའི་མངོན་འདོད་ལ་བརྩི་བཀུར་དང༌། མཁྲེགས་བཟུང་གི་སྲིད་བྱུས་ཁག་སྒྱུར་བཅོས་གཏང་རྒྱུ་དེ་ཉིད་ཡིན། གཞིས་བཞུགས་བོད་མི་རྣམས་དོན་གྱི་བདག་པོ་གཙོ་བོ་ཡིན་པ་ང་ཚོས་ནམ་ཡང་བརྗེད་ཐབས་མེད།
བཀའ་ཤག་གིས་རང་ལུས་མེར་སྲེག་མ་གནང་རོགས་ཞེས་ཁ་གསལ་པོའི་སྒོ་ནས་འབོད་སྐུལ་རིམ་པ་ཞུས་ཡོད། མིའི་ཚེ་སྲོག་ནི་རིན་ཐང་བྲལ་བ་ཡིན་སྟབས། འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་དེ་ལྟར་ཚེ་སྲོག་བློས་མ་བཏང་ན་བསམ་གྱི་ཡོད། ནང་པ་ཞིག་ཡིན་པའི་ཆ་ནས་འདས་པོ་ཚོའི་ཆེད་མཆོད་འབུལ་སྨོན་ལམ་དང༌། བོད་མི་ཞིག་ཡིན་པའི་ཆ་ནས་ཁོང་ཚོའི་མངོན་འདོད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དང༌། བོད་མིའི་རང་དབང་བསྐྱར་གསོ། བོད་རིགས་ནང་ཁུལ་ཆིག་སྒྲིལ་དགོས་རྒྱུ་བཅས་ཀྱི་རེ་འདུན་ལ་རྒྱབ་སྐྱོར་ཞུ་རྒྱུ་ནི་ང་ཚོའི་རྩ་ཆེའི་ལས་འགན་ཡིན། རང་ལུས་མེར་སྲེག་བྱུང་དགོས་པའི་རྒྱུ་རྐྱེན་དང༌། དེ་སེལ་ཐབས་ཀྱི་ཐབས་ལམ་གཉིས་ཀ་རྒྱ་ནག་གཞུང་ལ་ཐུག་ཡོད་པ་གསལ་པོ་ཡིན།
༤༽ དྲི་བ། ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༨ ཉིན་ཨེ་ཨེཕ་པི་ (AFP) གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང་སྐུ་ཉིད་ནས་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་འཁྲིད་ཁས་ལེན་གནང་ཚུལ་སོགས་འཁོད་འདུག་པར་གསལ་བཤད་གནང་དགོས་གཟིགས་ཀྱི་ཡོད་དམ།
བཀའ་ལན། གསར་འགྱུར་དེ་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་ཕྱི་འབྲེལ་ལྷན་ཚོགས་ (Council on Foreign Relations) ཅེས་པའི་ཚོགས་པས་གོ་སྒྲིག་ཞུས་པའི་བགྲོ་གླེང་ཚོགས་འདུ་ནས་འཕྲོས་པ་རེད། གལ་སྲིད་རྣམ་པ་ཚོས་བགྲོ་གླེང་ཆ་ཚང་གསན་ཞིབ་བམ་ལྗགས་ཀློག་གནང་ཡོད་ན་འདྲོགས་དགོས་དོན་གང་ཡང་མེད། སྤྱི་ཚོགས་རིང་ལུགས་སྐོར་དང༌། དམར་ཤོག་ཚོགས་པ་དང་མང་གཙོ། དེ་བཞིན་ཕྱི་འབྲེལ་བཅས་ཀྱི་སྐོར་ངས་འགྲེལ་བརྗོད་ཞུས་པ་རྣམས་རྒྱ་ནག་གཞུང་ལ་ཕྱི་ལོ་ ༢༠༠༨ དང༌། ༢༠༡༠ སོ་སོར་སྤྲད་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དང༌། བསམ་འཆར་གྱི་འགྲེལ་བརྗོད་ཡིག་ཆ་གཉིས་བརྒྱུད་གསལ་སྟོན་བྱས་ཟིན་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་ཡོངས་སུ་མཐུན་པ་ཡིན།
བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་བྱུང་ན་སྤྱི་ཚོགས་རིང་ལུགས་དང་རྒྱ་ནག་དམར་ཤོག་ཚོགས་པ་བཅས་ཀྱི་ཐོག་ལངས་ཕྱོགས་ཇི་ཡིན་བསམ་འཆར་གྱི་འགྲེལ་བརྗོད་ཡིག་ཆའི་དོན་ཚན་གསུམ་པ་དང༌། བཞི་པ། ལྔ་པ་བཅས་ལ་ཐུགས་ཞིབ་གནང་ན་མཁྱེན་རྟོགས་ཡོང་རྒྱུ་ཡིན། དེ་ཡང་ ༼རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམར་ཤོག་ཚོགས་པའི་དབུ་ཁྲིད་ལ་ཀླན་འམ་ཁ་གཏད་ནམ་ཡང་གནང་གི་མེད།༽ཅེས་དང༌། ༼དེ་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལའང་ཁ་གཏད་གནང་གི་མེད། བསམ་འཆར་གྱི་ཚིག་ཟུར་གང་དུའང་ལམ་ལུགས་དེར་བསྒྱུར་བཅོས་དགོས་པའམ་བོད་ཀྱི་ས་ཁུལ་རྣམས་སུ་ལག་བསྟར་མི་དགོས་པ་གསལ་མེད།༽ ཅེས་སོགས་འགྲེལ་བརྗོད་ཞུས་ཡོད།
མང་གཙོའི་སྐོར་བགྲོ་གླེང་གཙོ་སྐྱོང་བས་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་བྱུང་ན་མང་གཙོའི་ལམ་ལུགས་ལག་བསྟར་ཐུབ་ཀྱི་རེད་དམ། དོན་དམ་པའི་འོས་བསྡུའི་རང་དབང་དང༌། སྨྲ་བརྗོད་རང་དབང་ཡོང་ངམ། གལ་སྲིད་དེ་ལྟར་བྱུང་ན་དེ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་མ་འདྲ་བ་ཞིག་ཆགས་པ་མ་རེད་དམ། ཞེས་སོགས་དྲིས་པའི་ལན་དུ་དེ་ལྟར་མ་རེད་ཅེས་ལབ་པ་ཡིན། སྐབས་དེ་དུས་གསལ་བཤད་ཞུས་པ་ལྟར། ༼མང་གཙོ་ནི་ང་ཚོས་བཙན་བྱོལ་ནང་ལག་བསྟར་བྱེད་མུས་དང༌། མུ་མཐུད་ཡར་རྒྱས་ཡོང་ཐབས་བྱེད་ཀྱི་ཡོད། འོན་ཀྱང་དེ་ང་ཚོས་བཏོན་པའི་རེ་འདུན་ནང་མེད།༽ ང་ཚོར་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་འཐོབ་ན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང༌། དམར་ཤོག་ཚོགས་པའི་འགོ་འཁྲིད་ལ་ཀླན་ཀའམ་ཁ་གཏད་བྱེད་ཀྱི་མེད།
༥༽ དྲི་བ། བཙན་བྱོལ་བོད་མི་ཚོས་རྒྱ་གར་རམ་རྒྱལ་ཁབ་གཞན་གྱི་མི་སེར་བྱེད་རྒྱུའི་ཐད་ལངས་ཕྱོགས་གང་འདྲ་ཡིན་ནམ།
བཀའ་ལན། རྒྱ་གར་རམ་རྒྱལ་ཁབ་གཞན་གྱི་མི་སེར་བྱེད་རྒྱུ་དེ་དོ་བདག་སོ་སོས་ཐག་གཅོད་བྱ་རྒྱུའི་གནད་དོན་ཞིག་ཡིན། ཕྱི་ལོ་ ༡༩༥༥ ལོར་གཏན་ལ་ཕབ་པའི་རྒྱ་གར་གྱི་མི་སེར་ཁྲིམས་ཡིག་གཞི་བཟུང་བྱས་ན་ཕྱི་ལོ་ ༡༩༥༠ ནས་ ༡༩༨༧ ཟླ་ ༧ ཚེས་ ༡ ནང་ཚུད་རྒྱ་གར་ནང་སྐྱེས་པ་དང༌། ཕྱི་ལོ་ ༡༩༨༧ རྗེས་སུ་སྐྱེས་པ་༼ཕ་མ་ཡ་གཅིག་རྒྱ་གར་གྱི་མི་སེར་ཡིན་པ༽རྣམས་ལ་རྒྱ་གར་གྱི་མི་སེར་བྱེད་རྒྱུའི་ཐོབ་ཐང་སྤྲད་ཡོད།
བོད་མིའི་སྒྲིག་འཛུགས་ཀྱིས་ངོས་ནས་རྒྱ་གར་གྱི་མི་སེར་བྱེད་པར་དགག་བྱ་འམ། ཡང་ན་མི་སེར་བྱེད་རྒྱུའི་བཙན་དབང་བྱེད་ཐུབ་ཐབས་མེད། རྒྱ་གར་གྱི་མི་སེར་བླང་སྐབས་སྐྱབས་བཅོལ་ལག་དེབ་དང་ཕྱི་བསྐྱོད་ལག་དེབ་སེར་པོ་གཉིས་ཀ་རྒྱ་གར་གཞུང་ལ་རྩིས་འབུལ་ཞུ་དགོས་ཀྱི་ཡོད།
དེ་མཚུངས་བོད་མིའི་སྒྲིག་འཛུགས་ཀྱི་དམིགས་ཡུལ་གཙོ་བོ་བོད་དོན་བདེན་མཐའ་གསལ་ཐབས་དང༌། བཙན་བྱོལ་བོད་མིའི་བདེ་དོན་ལྟ་རྟོག་བྱ་རྒྱུ་གཉིས་ཡིན། ཕྱི་རྒྱལ་གྱི་མི་སེར་བླང་མཁན་ཚོར་སྐུ་ཚབ་དོན་གཅོད་ཁང་བརྒྱུད་བཙན་བྱོལ་བོད་མི་ཡིན་པའི་རྒྱབ་གཉེར་དང༌། རྒྱ་གར་གྱི་མི་སེར་བླང་མཁན་ཚོར་བདེ་སྲུང་ལས་ཁུངས་བརྒྱུད་དགག་བྱ་མེད་པའི་ངོས་སྦྱོར་གནང་བཞིན་ཡོད། ངའི་ལས་ཡུན་རིང་ད་བར་བོད་མི་བཅུ་གྲངས་ཤིག་གིས་སྙན་ཞུ་འབྱོར་བ་ཚང་མར་ངོས་སྦྱོར་ཕུལ་ཡོད།
༦༽ དྲི་བ། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་སྟངས་གང་འདྲ་ཡོད་དམ།
བཀའ་ལན། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་སྟངས་ཡག་ཐག་ཆོད་ཡོད་ཅེས་དགའ་སྤོབས་ངང་ཞུ་རྒྱུ་ཡིན། ཕྱི་ལོ་ ༢༠༡༣ ཟླ་ ༣ པའི་ནང་གྲོས་ཚོགས་ཚོགས་དུས་ལྔ་པར་སྐབས་བཅུ་བཞི་པའི་བཀའ་ཤག་གིས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༡༣༢༠༡༤ ལོའི་སྔོན་རྩིས་ཕུལ་བའི་དངུལ་འབོར་ལོ་སྔ་མ་དང་བསྡུར་ན་ ༢༣ འཕར་སྣོན་ཡོད། སྔོན་རྩིས་ནང་དམིགས་ཚད་བཟུང་བའི་དངུལ་འབོར་ལས་ལྷག་ཐབས་འཚོལ་ཞུ་ཐུབ་པའི་རེ་བ་ཡོད།
རྩིས་ལོ་ ༢༠༡༣༢༠༡༤ ལོའི་སྔོན་རྩིས་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཀའ་འཁྲོལ་གནང་བའི་གཞིས་ཆགས་སྲ་བརྟན་དང༌། ན་གཞོན་ཚོར་ལས་ཀ་ཐབས་འཚོལ་སོགས་ལས་གཞི་གསར་པ་ ༩༧ ཡོད་པ་རྣམས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་མང་ཆེ་བར་བཟང་ཕྱོགས་ཀྱི་འགྱུར་བ་ཐེབས་རེ་ཡོད། ཆབ་སྲིད་བཙོན་ཟུར་རྣམས་ཀྱི་འཚོ་སྣོན་ཧིན་སྒོར་ ༣༥༠༠ ནས་ ༦༠༠༠ བར་སྤར་ཆ་དང༌། རྒས་གཅོང་མགོན་མེད་ཚོར་ཟླ་རེའི་འཚོ་སྔོན་ཧིན་སྒོར་ ༩༠༠ ནས་ ༡༥༠༠ བར། དམིགས་བསལ་དགོས་མཁོ་ཅན་དག་ལ་ (People with special needs) ཧིན་སྒོར་ ༧༠༠ ནས་ ༡༥༠༠ བར་བཅས་སྤར་ཆ་ཞུས་ཡོད། དེ་བཞིན་ཉམ་ཐག་ཚོར་འཕྲོད་བསྟེན་དང་ཤེས་ཡོན་གྱི་མཐུན་འགྱུར་ཞུ་རྒྱུ་དང༌། སློབ་ཕྲུག་སོ་སོའི་ཤེས་འཇོན་གྱི་གྲུབ་འབྲས་ལ་གཞིགས་པ་སློབ་ཡོན་འབུལ་རྒྱུ་བཅས་ཞུས་ཡོད། གཞན་ཡང་སྔོན་རྩིས་ནང་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ནང་ཀམ་པུ་ཊར་དང་དྲྭ་རྒྱའི་སྤུས་ཚད་ཡར་རྒྱས་གཏོང་རྒྱུའི་ལས་འཆར་ཡང་ཚུད་ཡོད།
དྭང་བླང་དཔྱ་དངུལ་ནི་བོད་མིའི་སྒྲིག་འཛུགས་ཀྱི་ཡོང་སྒོ་གལ་ཆེ་བ་ཞིག་ཡིན་རུང༌། ལོ་རེའི་ཁྱོན་བསྡོམས་ཡོང་སྒོའི་ ༨ ལས་ཟིན་གྱི་མེད། བོད་མི་ཡོངས་ཀྱིས་དྭང་བླང་དཔྱ་དངུལ་འབུལ་རྒྱུ་གལ་ཆེན་ཡིན་སྟབས། ད་ལྟ་འབུལ་བཞིན་པ་རྣམས་ལ་ཡི་རངས་བསྔགས་བརྗོད་དང༌། མ་འབུལ་མཁན་ཚོས་ངེས་པར་དུ་འབུལ་དགོས་པའི་སྐུལ་ལྕག་ཞུ་རྒྱུ་ཡིན། དེ་ནི་དངུལ་འབོར་ཆེན་པོ་མིན་ཡང་བོད་མི་སོ་སོའི་ངོས་ནས་བོད་ཀྱི་རྩ་དོན་དང་བོད་མིའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་གྱི་རྣམ་པ་མཚོན་གྱི་ཡོད།
མཐའ་དོན། བོད་མིའི་སྒྲིག་འཛུགས་ཀྱིས་དངུལ་བེད་ལོག་མ་འགྲོ་བའི་བཏང་འཛིན་ནན་པོ་ཞུས་དང་ཞུ་མུས་རེད་ཅེས་གསལ་བཤད་ཞུ་རྒྱུ་ཡིན། བཀའ་ཤག་གི་རོགས་དངུལ་གང་འདྲ་ཞིག་ཡིན་རུང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སམ་སྤྱི་འཐུས་རྒྱུན་ལས་ནས་རོགས་དངུལ་བླང་ཆོག་པ་དང་བེད་སྤྱོད་བཏང་ཆོག་པའི་བཀའ་འཁྲོལ་ཐོབ་དགོས་ཀྱི་ཡོད། དེ་བཞིན་རྗེས་སུ་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་ནས་རྩིས་ཞིབ་ཞུ་གི་ཡོད།
༧༽ དྲི་བ། བོད་ནས་གསར་དུ་ཕེབས་པ་ཚོར་བོད་མིའི་སྒྲིག་འཛུགས་ཀྱིས་གཟིགས་རྟོགས་གང་འདྲ་གནང་གི་ཡོད་མིན་དང༌། བཙན་བྱོལ་སྤྱི་ཚོགས་ནང་ན་གཞོན་ལས་མེད་ཀྱི་དཀའ་ངལ་སེལ་ཐབས་གང་གནང་གི་ཡོད་དམ།
བཀའ་ལན། འདི་ལོའི་སྔོན་རྩིས་ནང་བོད་ནས་གསར་དུ་ཕེབས་པ་རྣམས་ཀྱི་ཆེད་ཧིན་སྒོར་འབུམ་ ༡༥༥ ཨ་སྒོར་རོབ་རྩིས་ ༢༩༣༠༠༠ཟུར་བཅད་ཞུས་ཡོད།
ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་ཚན་དང་ལས་རིམ་ཡོངས་རྫོགས་བསྐྱར་སྒྲིག་གིས་གཞི་རིམ་ཤེས་ཡོན་ཙམ་མ་ཡིན་པར་ཤེས་ཡོན་དང་ལག་ཤེས་སྦྱོང་བརྡར་གཉིས་ཀ་མཉམ་དུ་སྤྲོད་ཀྱི་ཡོད། དེ་བཞིན་ཡིག་རྒྱུགས་གྲུབ་འབྲས་སོན་མཁན་རྣམས་མཐོ་སློབ་དང་གཙུག་ལག་སློབ་གྲྭར་ཞུགས་རྒྱུའི་གོ་སྐབས་ཀྱང་ཐོབ་རྒྱུ་ཡིན། བོད་ནས་གསར་དུ་ཕེབས་པ་ལོ་ ༣༥ འམ་དེ་ལས་རྒན་པ་ཤེས་རབ་དགའ་ཚལ་སློབ་གླིང་ནས་ཕྱིར་ཐོན་ཟིན་པ་ལས་མེད་ཡིན་མཁན་རྣམས་ཡང་བསྐྱར་ལོ་གཉིས་ཀྱི་སྦྱོང་བརྡར་ནང་འཛུལ་ཞུགས་ཆོག་པ་བཟོས་ཡོད།
དེ་བཞིན་བདེ་སྲུང་ལས་ཁུངས་ཀྱི་ངོས་ནས་བོད་ནས་གསར་དུ་ཕེབས་པ་ཚོར་དགོས་ངེས་ཡིག་ཆ་ཁག་བཟོ་རྒྱུར་མཐུན་འགྱུར་དང༌། འཕྲོད་བསྟེན་ལས་ཁུངས་ནས་སྨན་བཅོས་ལྟ་སྐྱོང་དང་ལས་རིགས་སྦྱོང་བརྡར་ཆུང་ཚགས་རིགས་གོ་སྒྲིག་ཞུ་གི་ཡོད་པ་མ་ཟད། ཆབ་སྲིད་བཙོན་ཟུར་ཁོངས་ཡིན་མཁན་རྣམས་ལ་དམིགས་བསལ་གཟིགས་སྐྱོང་གནང་གི་ཡོད། ཆོས་རིག་ལས་ཁུངས་ནས་གྲྭ་བཙུན་ཚོར་ཟླ་རེའི་ཆོས་ཕོགས་དང༌། སོ་སོའི་འདོད་མོས་ལྟར་ཆོས་སྒར་ཁག་ནང་འཛུལ་ཞུགས་བྱ་ཐབས་བཅས་ཀྱི་རོགས་རམ་ཞུ་བཞིན་པ་རེད།
ཉེ་བའི་ལོ་ཤས་ནང་བོད་ནང་ཕེབས་མཁན་ཉུང་དུ་ཕྱིན་ཡོད་མིན་ལ་མ་ལྟོས་པར་བོད་ནས་ཕེབས་མཁན་རྣམས་བལ་ཡུལ་སྣེ་ལེན་ཁང་བརྒྱུད་ལྡི་ལི་དང༌། ངྷ་རམ་ས་ལ་བར་འགྲུལ་ལམ་གཙོ་བོར་གྱུར་པའི་དགོས་ངེས་རོགས་རམ་ཞུ་བཞིན་པ་མ་ཟད། རང་རང་འདོད་མོས་ལྟར་སློབ་གྲྭ་དང་དགོན་སྡེ་གྲྭ་ཚང་གང་འོས་ལ་འཛུལ་ཞུགས་བྱ་ཐབས་མཐུན་འགྱུར་ཞུས་ཀྱི་ཡོད།
ན་གཞོན་ལས་མེད་ཀྱི་དཀའ་ངལ་སེལ་ཐབས་ཐད། དེ་རིང་གི་ན་གཞོན་རྣམས་ནི་མ་འོངས་པའི་འགོ་འཁྲིད་ཡིན་པས། སྤྱི་ཚོགས་གང་འདྲ་ཞིག་ཡིན་ནའང་ཡར་རྒྱས་འགྲོ་མིན་ན་གཞོན་ཚོར་རག་ལུས་ཡོད། དེ་འདྲ་སོང་ཙང་ན་གཞོན་ལས་མེད་ཀྱི་དཀའ་ངལ་སེལ་ཆེད་ལས་འཆར་གསར་རྙིང་མང་དག་ཅིག་ཡོད།
བོད་མིའི་འཛིན་སྐྱོང་དང་སྤྱི་ཚོགས་བདེ་དོན་ཐེབས་རྩའི་ (TAWS) འོག་རྒྱ་གར་གྱི་བཟོ་ཚོང་ཁང་ཞིག་དང་ (OKS Group) མཉམ་ལས་ཐོག་དྷ་རམ་ས་ལར་ཚོང་ལས་སྡེ་ཚན་ (BPO) འཛུགས་རྒྱུའི་ལས་གཞི་གསར་པ་ཞིག་འགོ་འཛུགས་ཞུས་ཡོད། ད་ལྟའི་ཆར་བོད་མི་ ༥༠ ལ་ལས་ཀ་སྤྲད་ཡོད། ལས་གཞི་འདི་ལམ་ལྷོངས་བྱུང་ན་རྒྱ་བསྐྱེད་གཏང་རྒྱུའི་རེ་བ་ཡོད།
ཨ་རིའི་གཞུང་གིས་གཞིས་ཆགས་ཁག་གི་དཔལ་འབྱོར་གནས་སྟངས་ཡར་རྒྱས་གཏོང་རྒྱུའི་ལས་གཞིའི་ (Economic Development of Tibetan Settlement) ཁོངས་སུ་བོད་མིའི་མདུན་ལམ་སློབ་སྟོན་ཁང་ནས་ན་གཞོན་ ༥༧༠ ལ་ལས་ཀ་དང་འབྲེལ་བའི་ལག་ཤེས་སྦྱོང་བརྡར་སྤྲོད་བཞིན་པ་རེད། མདུན་ལམ་སློབ་སྟོན་ཁང་གི་ལས་ཁུངས་ལྟེ་བ་དྷ་སར་ཡོད་ཀྱང་ཡན་ལག་ལས་ཁུངས་ཁག་བརྒྱུད་གཞིས་ཆགས་ཁ་ཤས་ནང་ལས་གཞི་སྤེལ་བཞིན་པ་རེད།
ནང་སྲིད་ལས་ཁུངས་ཁྱབ་འོག་སྦེང་ལོར་དུ་རྟེན་གཞི་བྱས་པའི་ནི་ལ་མང་གྷ་ལམ་ལས་རིགས་སྦྱོང་བརྡར་ལྟེ་གནས་ཁང་གིས་བོད་རིགས་ན་གཞོན་ལས་མེད་ཚོའི་ཆེད་མ་བྱན་དང༌། ཤིང་བཟོ། དྲྭ་ཚིགས་བཟོ་བཀོད་སོགས་ལས་རིགས་འདྲ་མིན་ཁག་བརྒྱད་ཐོག་སྦྱོང་བརྡར་སྤྲོད་རྒྱུའི་གསལ་བསྒྲགས་བྱས་ཡོད།
༨༽ དྲི་བ། ཤེས་རིག་དང་འབྲེལ་བའི་ལས་འཆར་གསར་པ་ཇི་ཡོད་དང༌། ད་ལྟའི་ཆར་དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་འོག་ཡོད་པའི་སློབ་གྲྭ་ཁག་རྩིས་སྤྲོད་རྩིས་ལེན་བྱ་རྒྱུའི་གནས་སྟངས་གང་དུ་སླེབས་ཡོད་དམ།
བཀའ་ལན། ཤེས་ཡོན་ནི་བཀའ་ཤག་སྐབས་བཅུ་བཞི་པས་ལས་དོན་གལ་ཆེ་ཤོས་ཤིག་ལ་བརྩིས་ཀྱི་ཡོད། བཙན་བྱོལ་སྤྱི་ཚོགས་ནང་ཡི་གེ་བྲིས་ཀློག་ཤེས་མཁན་ ༨༤ ཟིན་གྱི་ཡོད་པ་ནི་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་མང་པོ་ལས་བཟང་པ་ཆགས་ཡོད། ད་དུང་ཡང་དགེ་ལས་སློབ་ཕྲུག་དང་སློབ་གྲྭ་བཅས་པ་མུ་མཐུད་ཡར་རྒྱས་གོང་འཕེལ་ཡོང་བའི་ཁོར་ཡུག་བཟང་པོ་ཞིག་སྐྲུན་ཐབས་ཞུ་བཞིན་ཡོད། ད་བར་ང་ཚོས་འགོ་འཛུགས་ཞུས་པའི་ལས་གཞི་གལ་ཆེ་བ་ཁག་གཅིག་ནི།
སློབ་ཡོན་སྐོར། སློབ་ཕྲུག་ཚོས་ཤེས་ཡོན་ཐོག་འབད་བརྩོན་བྱེད་པར་སྐུལ་མ་ཡོང་ཆེད་ཡིག་རྒྱུགས་གྲུབ་འབྲས་ལ་གཞིགས་པའི་སློབ་ཡོན་འབུལ་རྒྱུའི་འཆར་གཞི་གསར་པ་གསལ་བསྒྲགས་བྱས་ཡོད།
དགའ་ལྡན་ཕོ་བྲང་ལེགས་གསོལ་བྱ་དགའ་གསུམ་ནས་དགུ་ལ་སྤར་ཆ་ཞུས་ཡོད། ཚན་རིག་དང༌། སྒྱུ་རྩལ། ཚོང་རིག་བཅས་སྡེ་ཚན་སོ་སོའི་སློབ་ཕྲུག་རྩེ་ཕུད་གསུམ་ལ་ཨང་རིམ་བཞིན་ཧིན་སྒོར་ ༢༠༠༠༠།༠༠ དང༌། ༡༥༠༠༠།༠༠ ༡༠༠༠༠།༠༠ བཅས་གནང་རྒྱུ། འཛིན་རིམ་བཅུ་གཉིས་རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབྲས་ ༩༥ ཡན་ལོན་མཁན་ལ་སྲིད་སྐྱོང་གི་སློབ་ཡོན་ཧིན་སྒོར་ ༡༠༠༠༠༠།༠༠ རེ་གནང་རྒྱུ།
ཉམ་ཐག་ཁོངས་ཡོད་པའི་སློབ་ཕྲུག་རྣམས་འཛིན་རིམ་བཅུ་གཉིས་རྒྱལ་ཡོངས་ཡིག་རྒྱུགས་ ༤༠ ཡན་ལོན་ཚེ་དམིགས་བསལ་ཉམ་ཐག་སློབ་ཡོན་གནང་རྒྱུ།
འདི་ལོའི་འཛིན་རིམ་བཅུ་གཉིས་རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབྲས་གཟེངས་སུ་ཐོན་པ་བྱུང་ཡོད། ༩༠ ལོན་མཁན་སློབ་ཕྲུག་གྲངས་སྔ་ལོ་ ༤ ཡོད་པ་ནས་འདི་ལོ་ ༡༣ ལ་འཕར་སྣོན་བྱུང་བ་དང༌། ༧༠ ལོན་མཁན་གྲངས་ ༢༤༢ ནས་ ༣༤༥ བར་འཕར་འདུག དེ་བཞིན་བུ་མོ་བསྟན་འཛིན་ཆོས་སྐྱིད་ཀྱིས་རྒྱལ་ཡོངས་ཡིག་རྒྱུགས་ནང་ ༩༥་༤ ལོན་སྟབས། སྲིད་སྐྱོང་གི་སློབ་ཡོན་ཐོབ་མཁན་དང་པོ་དང༌། བཙན་བྱོལ་བོད་མིའི་ནང་བརྒྱ་ཆ་མཐོ་ཤོས་བླང་མཁན་དེ་ཡང་ཆགས་ཡོད།
ཨ་རིའི་མཐོ་སློབ་ཁག་ཏུ་སློབ་ཞུགས་བྱ་རྒྱུའི་གོ་སྐབས་གསར་པ། ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༡༤ ཉིན་བྷོས་ཊོན་དུ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག ཧར་ཝཊ་(Harvard) དང༌། སི་ཊན་ཕོཊ། (Stanford) ཨེམ་ཨཡ་ཊི། (MIT) ཀལ་ཊེཀ (Caltech) པི་རེནས་ཊོན། (Princeton) ཡེལ། (Yale) སོགས་ཨ་རིའི་ནང་སྙན་གྲགས་ཅན་གྱི་མཐོ་སློབ་དྲུག་ཅུ་ལྷག་གི་གཙོ་འཛིན་དང་སློབ་འཇུག་འགན་འཛིན་རྣམས་དང་ལྷན་ཚོགས་གནང་ཡོད། ལྷན་ཚོགས་དེའི་བརྒྱུད་བོད་རིགས་སློབ་ཕྲུག་གང་མང་སྙན་གྲགས་ཅན་གྱི་ཨ་རིའི་མཐོ་སློབ་ཁག་ནང་ཞུགས་རྒྱུའི་གོ་སྐབས་ཐོབ་པའི་རེ་བ་ཡོད། མ་འོངས་པར་ད་དུང་སློབ་གྲྭ་གང་མང་དང་འབྲེལ་ལམ་ཞུ་རྒྱུའི་འཆར་གཞི་ཡོད།
བྷུན་ཊར་དགེ་རྒན་འོས་སྦྱོང་སློབ་ཁང༌། མ་ན་ལིའི་ཉེ་འགྲམ་བྷུན་ཊར་དུ་ཝར་ཎ་བོད་ཀྱི་གཙུག་ལག་སློབ་ཁང་གི་ཁྱབ་འོག་ཏུ་དགེ་རྒན་འོས་སྦྱོང་གི་མཐོ་སློབ་གསར་བཙུགས་ཞུས་ཡོད། དམིགས་ཡུལ་གཙོ་བོ་བཟང་སྤྱོད་ཀྱི་རྨང་གཞི་བརྟན་པོ་ཡོད་པའི་ཐོག་སློབ་ཚན་གྱི་ནང་དོན་དང་སློབ་འཁྲིད་ཀྱི་ཐབས་ལམ་གཉིས་ཀ་ཤེས་མཁན་སྤུས་ཚད་ལྡན་པའི་དགེ་རྒན་ཡོང་ཐབས་ཀྱི་ཆེད་དུ་ཡིན།
ཤེས་ཡོན་མཁས་པའི་སློབ་སྟོན་ལྷན་ཚོགས་ཐེངས་དང་པོ་ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༥ དང་ ༦ ཉིན་གཉིས་རིང་བསྐྱངས་པ་དང༌། ཚོགས་འདུའི་དམིགས་ཡུལ་བཙན་བྱོལ་བོད་མིའི་ཤེས་ཡོན་ལམ་ལུགས་ཡར་རྒྱས་གཏོང་ཕྱོགས་སྐོར་སློབ་སྟོན་གནང་རྒྱུའི་ཆེད་ཡིན་སྟབས། རྒྱ་གར་གཞུང་གི་པདྨའི་གཟེངས་རྟགས་ཐོབ་མྱོང་མཁན་ (Padma shri recipients) སོགས་ཤེས་ཡོན་ཐོག་ཁྱད་མཁས་མི་སྣ་ཉམས་མྱོང་ཅན་མང་པོ་ཕེབས་འཛོམས་གནང་ཡོད།
ཤེས་རིག་ལས་ཁུངས་དང་ཨ་རིའི་ནང་རྟེན་གཞི་བྱས་པའི་རྒྱལ་ཡོངས་ས་དཔྱད་བསྟི་གནས་ཁང་ (National Geographic Explorers Program) གཉིས་ཟུང་འབྲེལ་ཐོག་ལོ་གཅིག་རིང་སམ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་གསུམ་དང༌། ཅོན་ཏ་ར་དང༌། སྤོན་ཊ། མེས་དཔོན་དཔེ་སྟོན་གཙུག་ལག་སློབ་གྲྭ བོད་ཁྱིམ་ཁྱབ་ཁོངས་སློབ་གྲྭ་གཉིས་སུ་ཇ་བོད་ཁྱིམ་དང་ཅོན་ཏ་ར་བོད་ཁྱིམ། ཀྱི་འཛིན་རིམ་དྲུག་པ་ནས་བཅུ་པའི་བར་གྱི་སློབ་ཕྲུག་རྣམས་ལ་ཚན་རིག་དང་ཁོར་ཡུག་ཚན་རིག དེ་བཞིན་དབྱིན་སྐད་བཅས་ཡར་རྒྱས་གཏོང་རྒྱུའི་ལས་འཆར་འགོ་འཛུགས་ཞུས་ཡོད།
དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་སློབ་གྲྭ་རྩིས་ལེན་སྐོར། སློབ་གྲྭ་ཁག་རྩིས་སྤྲོད་རྩིས་ལེན་ཞུ་ཕྱོགས་ཀྱི་ཞིབ་ཕྲའི་ཡིག་ཆ་གཏན་འབེབས་བྱ་ཉེར་སླེབས་ཡོད། སློབ་གྲྭ་རྩིས་ལེན་ཞུ་རྒྱུ་དེ་ལས་དོན་གཞི་རྒྱ་ཆེན་པོ་ཞིག་ཡིན་པ་གསལ་པོ་ཤེས་ཚོར་ཡོད་པ་མ་ཟད། ལྷིང་འཇགས་པོའི་སྒོ་ནས་རྩིས་སྤྲོད་རྩིས་ལེན་ཞུ་ཐབས་འབད་རྩོལ་ཕྱོགས་ཡོངས་ནས་ཞུ་བཞིན་པ་ཡིན།
༩༽ དྲི་བ། ཕོ་མོ་འདྲ་མཉམ་གྱི་གནས་སྟངས་དང༌། བུད་མེད་ཀྱི་ནུས་ཤུགས་སྤེལ་ཆེད་གང་དང་གང་གནང་གི་ཡོད།
བཀའ་ལན། སྐབས་བཅུ་བཞི་པའི་བཀའ་ཤག་གིས་ཕོ་མོ་འདྲ་མཉམ་གྱི་གནས་སྟངས་དང༌། བུད་མེད་ཀྱི་བདེ་དོན་དང་ནུས་ཤུགས་སྤེལ་ཐབས་འབད་བརྩོན་ཞུས་དང་ཞུ་མུས་ཡིན། ད་དུང་ཡང་ལས་དོན་བྱེད་དགོས་པ་མང་པོ་ཡོད་ཀྱང་མིག་སྔའི་གནས་ཚུལ་ཁ་ཤས་དགའ་སྤོབས་འོས་པར་སྣང༌། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཆེ་ཤོས་ནང་སྲིད་དང་ཕྱི་དྲིལ་གྱི་བཀའ་བློན་གཉིས་ཀ་བུད་མེད་ཡིན་པ་དང༌། སྐབས་ ༡༤ པའི་སྤྱི་འཐུས་ནང་བུད་མེད་སྤྱི་འཐུས་ ༨ ཡོད་པ་དང༌། སྐབས་ ༡༥ པར་བུད་མེད་སྤྱི་འཐུས་ ༡༢ ལ་འཕར་སྣོན་བྱུང་འདུག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་པ་ ༣༦་༥ བུད་མེད་ཡིན།
ལས་བྱེད་གནས་རིམ་གོང་མར་བུད་མེད་ཉུང་ཉུང་ཡོད་པ་དངོས་འབྲེལ་ཡིན་ནའང་གནས་སྤར་བྱ་རྒྱུ་བསླབ་པ་རྒན་གཞོན་ཁོ་ནའི་དབང་གིས་འགྲོ་གི་ཡོད་པས་ཡིན། བུད་མེད་ལས་བྱེད་ནང་འཛུལ་ཞུགས་བྱེད་མཁན་མང་དུ་འགྲོ་བཞིན་པ་དང་མཉམ་དུ་ལས་ཀ་མུ་མཐུད་བྱེད་ན་བུད་མེད་གང་མང་གནས་རིམ་གོང་མར་སླེབས་རྒྱུ་ཡིན།
བཙན་བྱོལ་བོད་མིའི་ནང་བུད་མེད་ཀྱི་གནས་སྟངས་གསལ་པོ་ཤེས་ཐབས་སུ་ཉེ་སྔོན་དཔལ་འབྱོར་ལས་ཁུངས་ནས་བུད་མེད་ཀྱི་གནས་བབ་ཅེས་པའི་ཉམས་ཞིབ་སྙན་ཐོ་འདོན་སྤེལ་ཞུས་ཡོད།
བཙན་བྱོལ་བོད་མིའི་གནས་སྟངས་སྤྱི་ཡོངས་ཀྱི་ཆ་ནས་ཞུས་ན། ང་ཚོའི་སློབ་གྲྭ་ཁག་ཏུ་བུད་མེད་ཚོའི་གནས་སྟངས་བཟང་བ་ཡོད་པ་ནི་དགའ་སྤྲོ་འོས་པ་ཡིན། འཛིན་རིམ་བཅུ་གཉིས་རྒྱལ་ཡོངས་ཡིག་རྒྱུགས་འཕྲོད་མཁན་བརྒྱ་ཆ་བུ་ལས་བུ་མོ་མཐོ་བ་འདུག བུ་མོ་ ༨༨་༦༣ དང༌། བུ་ ༨༥་༩༦ དེ་བཞིན་མཐོ་སློབ་ཁག་ནང་འཛུལ་ཞུགས་བྱེད་མཁན་བུད་མེད་མང་བ་ཡོད་པ་མ་ཟད། ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་བཞེས་མཁན་ཡང་བུད་མེད་མང་བ་ཆགས་ཡོད། ཕྱི་ལོ་ ༢༠༡༡ ལོར་མཐོ་སློབ་སློབ་ཡོན་བཞེས་མཁན་བུད་མེད་ ༡༢༥ བྱུང་བ་དང༌། བུ་ ༥༣ ལས་བྱུང་མི་འདུག དེ་བཞིན་མཐོ་སློབ་གོང་མའི་སློབ་ཡོན་བཞེས་མཁན་བུད་མེད་ ༥༢ ཡོད་པ་དང༌། བུ་ ༢༡ ལས་མེད། ཕྱི་ལོ་ ༢༠༡༢ ལོར་མཐོ་སློབ་སློབ་ཡོན་བཞེས་མཁན་བུད་མེད་ ༡༢༥ དང༌། བུ་ ༡༠༨ མཐོ་སློབ་གོང་མར་བུད་མེད་ ༥༢ དང༌། བུ་ ༢༠ བཅས་བྱུང་འདུག གྲུབ་འབྲས་འདི་དག་དཔལ་འབྱོར་གནས་སྟངས་ཡར་རྒྱས་ཆེན་པོ་ཕྱིན་པའི་རྒྱལ་ཁབ་ཁག་དང་འདྲ་མཉམ་ལྟ་བུ་ཆགས་ཡོད། དཔེར་ན་ཨ་རིར་ཆ་མཚོན་ན་མཐོ་སློབ་འགྲོ་མཁན་བུ་ལས་བུ་མོ་མང་བ་ཉེ་ཆར་མ་གཏོགས་བྱུང་མི་འདུག
བསྟན་འཛིན་སྒང་གི་གནས་ཚུལ་སྐོར་ཏོག་ཙམ་ཞུས་ན། གནས་ཚུལ་དེ་བཀའ་ཤག་སྐབས་བཅུ་བཞི་པའི་ལས་འཁུར་འགོ་འཛུགས་མ་ཞུས་གོང་ཟླ་བ་གཉིས་སྔོན་ལ་བྱུང་བ་དང༌། འབྲེལ་ཡོད་ཚང་མའི་མོས་མཐུན་ཐོག་ནང་ཁུལ་འགྲིགས་ཆགས་བྱུང་ཟིན་པ་ཞིག་ཆགས་འདུག བཀའ་ཤག་སྐབས་སྔོན་མས་འཕྲོད་བསྟེན་ལས་ཁུངས་བརྒྱུད་དོ་བདག་བུད་མེད་ལ་སྨན་བཅོས་གཙོ་བོར་གྱུར་པའི་དགོས་ངེས་མཐུན་འགྱུར་རོགས་རམ་ཞུས་འདུག
དེ་མཚུངས་འདི་ནས་ཁྲིམས་གཏུག་བྱ་རྒྱུའི་སྐུལ་འདེགས་དང༌། ཁྲིམས་ཀྱི་འགྲོ་སོང་མཐུན་འགྱུར་ཞུ་རྒྱུའི་འགྲེལ་བརྗོད་ཞུས་རྗེས་ཀྱང་དོ་བདག་ནས་ཁྲིམས་གཏུགས་བྱ་རྒྱུའི་ཁས་ལེན་མ་བྱས་སྟབས། ཁྲིམས་ཀྱི་འགྲོ་སྟངས་ཀྱི་ཆ་ནས་དོ་བདག་གིས་ཁྲིམས་གཏུགས་མ་བྱེད་ན་གཞན་སུས་ཀྱང་རོགས་པ་བྱེད་ཐབས་མེད། གནད་དོན་འདི་དང་འབྲེལ་བ་ཡོད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་དགོངས་དོན་ལྟར་ཕྱི་ལོ་ ༢༠༡༢ ཟླ་ ༤ པའི་ནང་བཀའ་ཤག་གིས་བཙན་བྱོལ་བོད་མིའི་གཞི་ཆགས་ཁག་གི་ས་གནས་འགོ་འཛིན་ཡོངས་ལ་བུད་མེད་ཀྱི་ནུས་ཤུགས་སྤེལ་ཐབས་དང༌། ཕོ་མོ་འདྲ་མཉམ་ཀྱི་གནས་སྟངས་སྐོར་ཐུགས་སྣང་དམ་དོན་དགོས་པའི་ཡོངས་ཁྱབ་བཀོད་འདོམས་ཞུས་ཡོད་པ་མ་ཟད། ནང་སྲིད་བཀའ་བློན་དང་ལས་ཁུངས་གཉིས་ནས་ཀྱང་ས་གནས་འགོ་འཛིན་ཁག་ལ་གོ་རྟོགས་སྤེལ་རྒྱུའི་ལས་དོན་མཇུག་སྐྱོང་བྱེད་བཞིན་པ་རེད།
༡༠༽ དྲི་བ། ཁེ་ན་ཌ་གཞིས་སྤོའི་ལས་གཞི་ད་ལྟའི་ཆར་གང་དུ་སླེབས་ཡོད་དམ།
བཀའ་ལན། ཁེ་ན་ཌའི་སྲིད་གཞུང་གི་རོགས་རམ་ལ་བརྟེན་ནས་ཨ་རུ་ན་ཅལ་མངའ་སྡེའི་ནང་གནས་འཁོད་བཙན་བྱོལ་བོད་མི་ ༡༠༠༠ ཕྱི་ལོ་ ༢༠༡༡ ནས་འགོ་བཙུགས་ཏེ་ལོ་ལྔའི་ནང་ཚུད་ཁེ་ན་ཌར་གཞིས་སྤོ་བྱེད་ཀྱི་ཡོད། དེ་ནི་ཕྱི་ལོ་ ༢༠༠༨ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁེ་ན་ཌར་ཆིབས་སྒྱུར་གནང་རྗེས་འགོ་འཛུགས་བྱུང་བ་རེད། རྒྱན་ཤོག་འདོན་ཐེངས་དང་པོར་མི་ ༨༩༠ ཐམ་པ་བདམས་ཐོན་བྱུང་བའི་ཁོངས་ ༤༠༩ ཕོ་ཧྲེང་མོ་ཧྲེང་གྲས་དང༌། ༤༨༡ ནང་མི་ཡོད་མཁན་གྲས་ཆགས་ཡོད། གཞིས་སྤོས་འགྲོ་མཁན་དང་པོའི་ཁོངས་མི་ ༢༠༤ ཡོད་པ་ཕྱི་ལོ་ ༢༠༡༣ ལོ་མཇུག་ནང་ཁེ་ན་ཌར་དངོས་སུ་གཞིས་སྤོ་བྱེད་འཆར་རེད། བོད་མིའི་སྒྲིག་འཛུགས་ཀྱིས་ས་གནས་གཞིས་གྲོང་སོ་སོའི་དེབ་བཀོད་ཐོ་གཞུང་དང༌། མི་འབོར་ལ་གཞིགས་པ་གྲོང་སྡེ་སོ་སོར་མི་གྲངས་ཆ་བགོས་བྱ་རྒྱུ། དེ་བཞིན་ཁྱོན་ཡོངས་ཀྱི་ལས་དོན་བཏང་འཛིན་ཞུ་རྒྱུ་བཅས་ཀྱི་མཐུན་འགྱུར་ཞུས་ཀྱང༌། འདེམས་སྒྲུག་དངོས་གཞི་གྲོང་སྡེའི་འཐུས་མི་དང་ཁེ་ན་ཌ་གཞིས་སྤོའི་ལས་གཞི་འབྲེལ་མཐུད་བྱེད་མཁན་ཚོགས་པ་ (Project Tibet Society) གཉིས་མཉམ་རུབ་ཐོག་རྒྱན་ཤོག་གི་ལམ་ནས་འདེམས་སྒྲུག་བྱས་ཡོད། དེར་བརྟེན་མིང་ཐོ་འདེམས་སྒྲུག་བྱེད་སྟངས་ཕྱི་གསལ་ནང་གསལ་མང་གཙོའི་ལམ་ལུགས་དང་མཐུན་པ་བྱུང་ཡོད།
གཞན་ཡང་བོད་མི་ལྔ་སྟོང་ཨ་རིར་གཞིས་སྤོ་བྱ་རྒྱུའི་ལས་འཆར་ནི། ཨ་རིའི་གྲོས་ཚོགས་ནང་ད་ལྟ་འགྲོ་བཞིན་པའི་ཕྱི་མི་གཞིས་ཆགས་ཀྱི་ཁྲིམས་འཆར་གཞི་རྒྱ་ཆེ་བ་ཞིག་ཡོད་པ་དེར་བསྐྱར་བཅོས་ཀྱི་ཆ་རྐྱེན་འོག་ནས་བྱུང་བ་ཞིག་རེད། གྲོས་ཚོགས་འཐུས་མི་ལྕམ་ཌེ་ཨེན་ཕ་ཡནས་ཊན་གྱིས་བཏོན་པའི་བོད་མི་ལྔ་སྟོང་ཨ་རིར་གཞིས་སྤོ་བྱ་རྒྱུའི་བསྐྱར་བཅོས་གྲོས་འཆར་དེར་གྲོས་ཚོགས་གོང་མའི་ནང་སྲིད་དོན་ཚོགས་པ་གཉིས་ཀའི་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ཡོད། འོན་ཀྱང་བོད་མི་གཞིས་སྤོ་བྱ་རྒྱུའི་ཆ་རྐྱེན་དེ་ཁྲིམས་ཡིག་ཨ་མ་དང་འབྲེལ་བ་ཡོད་སྟབས། གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་གོང་མས་བཏོན་པའི་ཕྱི་མི་གཞིས་ཆགས་ཀྱི་ཁྲིམས་འཆར་ཨ་མ་ཁོ་རང་མོས་མཐུན་མ་བྱས་པ་མ་ཟད། ཕྱི་མི་གཞིས་ཆགས་ཀྱི་ཁྲིམས་འཆར་ལོགས་སུ་བཏོན་རྒྱུའི་གསལ་བསྒྲགས་བྱས་ཡོད། དེར་བརྟེན་ད་ལྟའི་ཆར་ཨ་རིའི་གྲོས་ཚོགས་ཀྱིས་ཕྱི་མི་གཞིས་ཆགས་ཀྱི་ཁྲིམས་འཆར་གཏན་འབེབས་གང་འདྲ་བྱེད་མིན་དང༌། ག་དུས་བྱེད་མིན་བཤད་དཀའ་བར་གྱུར་ཡོད།
དྲི་བ། མཐའ་དོན་བཀའ་མོལ་གསུང་དགོས་པ་དེ་འདྲ་ཡོད་དམ།
བཀའ་ལན། ད་བར་གཞིས་བྱེས་བོད་མི་ཡོངས་ནས་རྒྱབ་སྐྱོར་ཤུགས་ཆེ་གནང་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མང་གཙོའི་ལམ་ལུགས་ནང་མི་མང་གི་ཆ་ཤས་བླང་རྒྱུ་ཧ་ཅང་གི་གལ་གནད་ཆེན་པོ་ཡིན་སྟབས། ང་ཚོའི་ལས་དོན་ཁག་ལ་ལྟ་ཚུལ་མི་མཐུན་པ་དང༌། དགོངས་འཆར་གནང་མཁན་ཚོར་དགའ་བསུ་ཞུ་རྒྱུ་ཡིན། འོན་ཀྱང་བསམ་ཚུལ་འདོན་སྐབས་ཚུལ་དང་མཐུན་པ། གུས་ཞབས་ཡོད་པ། རྩ་དོན་ཐོག་གཅིག་སྒྲིལ་མུ་མཐུད་གནས་ཐུབ་པ་བཅས་གནང་དགོས།
༸གོང་ས་༸སྐྱབས་མགོན་ཆེན་པོའི་ཡང་དག་པའི་དབུ་ཁྲིད་ལམ་སྟོན་དང༌། གཞིས་བཞུགས་བོད་མིའི་ཞུམ་པ་མེད་པའི་སྙིང་སྟོབས། དེ་བཞིན་བོད་མིའི་ཆིག་སྒྲིལ་གྱི་ནུས་ཤུགས་བཅས་ལ་བརྟེན་ནས་བོད་མི་ཡོངས་ཀྱི་མངོན་འདོད་རང་དབང་བསྐྱར་གསོའི་བདེ་སྐྱིད་ཀྱི་ཉི་མ་མྱུར་དུ་ཤར་བའི་སྨོན་འདུན་ཞུ་རྒྱུ་ཡིན།
ཕྱག་སྦྲེལ་བཀའ་བློན་རྣམ་པ་དང༌། སྲི་ཞུ་ལས་བྱེད་པ་རྣམས་ནས་ཕྱར་གྲུ་མཉམ་འདེགས་གནང་བར་ཐུགས་རྗེ་ཞུ་རྒྱུ་ཡིན། ད་བར་བོད་མི་ཚོས་སྙིང་སྟོབས་ཞུམ་པ་མེད་པར་མཉམ་རུབ་ཐོག་དཀའ་ངལ་མཐའ་དག་གདོང་ལེན་བྱས་ཐུབ་པ་བྱུང་ཡོད། བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ལུས་སྲོག་བློས་བཏང་གནང་མཁན་ཡོངས་ལ་མྱ་ངན་གུས་ཞབས་དང༌། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་ཡུན་དུ་བརྟན་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་ཡིན།
མཐའ་དོན། བོད་མིའི་སྒྲིག་འཛུགས་དང་སྲིད་སྐྱོང་གི་ཉིན་རེའི་ལས་དོན་དང་འབྲེལ་བའི་གནས་ཚུལ་ཤེས་འདོད་ཡོད་རྣམས་ནས་བོད་ཀྱི་དྲྭ་རྒྱ་(www.tibet.net)དང༌། ཕྲན་གྱི་ངོ་དེབ་ཁ་བྱང་ https://www.facebook.com/sikyong.lobsang.sangay དང༌། ཀྲིའུ་ཊར་ཁ་བྱང་ twitter@drlobsangsangay བཅས་ལ་གཟིགས་གནང་ཡོང་བ་ཞུ།།