༢༠༡༣ ཟླ་ ༨ ཚེས་ ༢༠ རེས་གཟའ་མིག་དམར།
༄༅། །ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ཏུ་ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༡༤ ནས་འགོ་འཛུགས་གནང་བའི་མཧཱ་གུ་རུའི་འབུམ་ཚོགས་ཐེངས་དང་པོ་དེ་བཞིན་ཕྱི་ཚེས་ ༡༨ ཉིན་མཇུག་སྒྲིལ་གནང་ཡོད་འདུག
དེ་ཡང་ནིའུ་ཡོཀ་ནང་རྟེན་གཞི་བྱས་པའི་སེར་བྱེས་ནང་པའི་རིག་གཞུང་བསྟི་གནས་ཁང་ནས་གོ་སྒྲིག་འོག་བོད་བསྟན་སྲིད་སྤྱི་དང་ཡང་སྒོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་པ་དང་ཐུགས་བཞེད་ལྷུན་འགྲུབ་ཡོང་ཆེད། ལྷག་པར་འཛམ་གླིང་འདིར་དམག་འཁྲུག་དང་མུ་གེ་ཞིག་སླད་རིག་འཛིན་གདུང་སྒྲུབ་ཀྱི་སྒོ་ནས་མཧཱ་གུ་རུའི་འབུམ་ཚོགས་ཀྱི་ཉིན་མཐའ་མའི་ཚོགས་མགོན་དུ་བན་འབྲོག་རིན་པོ་ཆེ་མཆོག་དང་དཔའ་རིས་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་སེར་བྱེས་ནང་པའི་བསྟི་གནས་ཁང་གཙོ་བོར་གྱུར་བའི་མི་དམངས་མང་དག་ཅིག་འདུ་འཛོམས་ཀྱིས་སྨོན་ལམ་གསུང་འདོན་གནང་ཡོད་པ་མ་ཟད།
སེར་བྱེས་ནང་པའི་བསྟི་གནས་ཁང་གིས་དབུས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཞིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐྱེ་འགྲོ་སྤྱིའི་བདེ་ཐབས་ཆེད་སྐུ་ཚེ་༸ཞབས་པད་སྲིད་མཐའི་བར་བརྟན་སླད་མགོན་པོ་གང་ཉིད་མཆོག་གི་སྐུ་པར་མཐོང་གྲོལ་རིན་ཆེན་པོ་ཆེ་མཆོག་བཞུགས་ཁྲིར་གདན་ཞུས་ཀྱིས་བརྟན་བཞུགས་ཤིག་ཀྱང་འདེགས་འབུལ་ཞུས་འདུག་པ་བཅས། །