༢༠༠༩ ཕྱི་ཟླ་ ༧ ཚེས་ ༢ རེས་གཟའ་ཕུར་བུ།
༄༅། །འདི་གར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་གསལ་ལྟར་ན། སྔ་ལོ་ཟླ་ ༣ པའི་ནང་འཛིན་བཟུང་བྱས་པའི་ཡུལ་སྐོར་སྣེ་ཤན་པ་མགོན་པོ་ཚེ་རིང་ལགས་སུ་ཡུན་ནན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ནས་རྒྱལ་ཁབ་ཁ་བྲལ་གྱི་ངན་བསྐུལ་བྱས་པའི་ཉེས་མིང་འོག་དུས་བཀག་བཙོན་འཇུག་ལོ་ ༣ བཟོ་རྒྱུའི་ཐག་གཅོད་བྱས་འདུག ཁོང་ནི་ ༡༩༧༦ ལོར་ཨ་མདོ་རྔ་པ་མཛོད་དགེ་རྫོང་ཁོངས་སུ་སྐྱེས་ཤིང་། འཛིན་བཟུང་མ་བྱས་གོང་ཡུན་ནན་ཞིང་ཆེན་ཁོངས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་རྒྱལ་ཐང་རྫོང་(ཤང་རི་ལ་རྫོང་)ཞེས་པའི་ཁོངས་སུ་ཡོད་པའི་ཤང་རི་ལ་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཀྱི་སྣེ་ཤན་པའི་ཕྱག་ལས་གནང་གི་ཡོད། སྔ་ལོ་ཟླ་ ༣ པའི་ཚེས་ ༢༣ ཙམ་དུ་ཁོང་དང་ཁོང་གི་རོགས་པ་ཚེ་བུ་སོགས་མི་གྲངས་བཞི་ཙམ་ས་གནས་སྤྱི་བདེ་ཉེན་རྟོག་པས་འཛིན་བཟུང་བྱས་རྗེས་རོགས་པ་རྣམས་ཕྱི་ཟླ་ ༩ པའི་ནང་གློད་བཀྲོལ་བཏང་ཡོད་པ་དང་། ཁོང་ལ་དྲ་གནས་དང་ལག་འཁྱེར་ཁ་དཔར་སོགས་ཀྱི་ཐོག་ནས་ཕྱི་ཕྱོགས་སུ་འབྲེལ་བ་བྱས་ཡོད་པ་དེ་རྒྱལ་ཁབ་ཁ་བྲལ་གཏོང་བའི་ངན་བསྐུལ་གྱི་ཉེས་པ་བསགས་པར་བརྩིས་ཏེ་འདི་ལོ་ཟླ་ ༡ པོའི་ནང་དུས་བཀག་བཙོན་འཇུག་ལོ་གསུམ་གྱི་ཁྲིམས་ཆད་བཏང་ཡོད་པ་རེད།