༢༠༡༣ ཟླ་ ༨ ཚེས་ ༡༤ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢༦ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཇན་ཏར་མན་ཏར་ས་གནས་སུ་(Asia Tibet Support Groups) ཞེས་པའི་ཨེ་ཤི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་ཟུང་འབྲེལ་གྱིས་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་རྒྱ་ཆེ་ཞིག་སྤེལ་གཏན་འཁེལ་འདུག
དེ་ཡང་སྔ་ལོ་ཕྱི་ཟླ༌ ༡༡ ཚེས་ ༡༦ ནས་ ༡༨ བར་བཞུགས་སྒར་རྡ་སར་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་(core group for Tibet Cause) ཚོགས་འདུ་འཚོགས་སྐབས་ཨེ་ཤི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞེས་ཚོགས་ཆུང་ཞིག་ཟུར་དུ་ཚོགས་ནས་གྲོས་ཆོད་ཁག་གཅིག་བཞག་ཡོད་ཁོངས་ནས་རྒྱ་གར་གྱི་ཆར་དུས་ཀྱི་གྲོས་ཚོགས་སྐབས་རྒྱལ་ས་ལྡི་ལིའི་ནང་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་རྒྱུ་ཞིག་གྲོས་ཆོད་བཞག་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༥ ནས་རྒྱ་གར་གྱི་ཆར་དུས་གྲོས་ཚོགས་དབུ་འཛུགས་གནང་ཡོད་པ་དང་སྟབས་བསྟུན་ལས་འགུལ་དེ་སྤེལ་རྒྱུ་ཡིན་འདུག
གནས་ཚུལ་དེའི་སྐོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་ནས་བརྒྱུད་ལམ་ཁག་གཅིག་ནང་གསུང་གསལ། ཨེ་ཤི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱལ་ས་ལྡི་ལིའི་ཇན་ངྷར་མ་ངྷར་ཞེས་པའི་ས་གནས་སུ་ཕེབས་ཏེ། སྤྱིར་བོད་ཀྱི་ཛ་དྲག་གནས་སྟངས་དང་ཡང་སྒོས་བོད་ནང་གི་བོད་མི་ ༡༢༠ ནས་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་གཏོང་མཁན་ཁོང་རྣམ་པས་གཙོས་དཀའ་སྡུག་མྱོང་བཞིན་པའི་གཞིས་ལུས་བོད་མིའི་དཀའ་ངལ་སེལ་ཆེད་དང་། ལྷག་པར་རྒྱ་ནག་གཞུང་གིས་བོད་ནང་གང་བྱུང་གཏེར་ཁ་སྔོག་འདོན་དང་དཔལ་འབྱོར་དབྱེ་འབྱེད། ཁོར་ཡུག་གཏོར་བཤིག་བཏང་དང་གཏོང་མུས་ཡིན་པའི་གནས་སྟངས་ཐོག་ཨེ་ཤི་ཡའི་མི་རིགས་ཀྱི་རྒྱབ་སྐྱོར་མཚོན་ཆེད་ལས་འགུལ་སྤེལ་གཏན་འཁེལ་ཡོད། ལས་འགུལ་དེའི་ནང་དཔོན་རིགས་ཁག་མགྲོན་འབོད་བྱ་རྒྱུ་ཡིན་འདུག དེ་བཞིན་ཡུལ་ལུང་སོ་སོའི་སྐུ་ཚབ་མི་སྣས་བོད་དོན་ལ་རྒྱབ་སྐྱོར་གྱི་གཏམ་བཤད་གནང་རྒྱུའི་འཆར་གཞི་ཞིག་བསྒྲིགས་ཡོད་ཅེས་གསུངས་འདུག་པ་བཅས། །