༢༠༡༣ ཟླ་ ༨ ཚེས་ ༡༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༡༢ ཉིན་ཁུངས་ལྡན་གནས་ཚུལ་འབྱོར་བའི་ནང་འཁོད་དོན། གཙང་ལྗོངས་ལྷ་རྩེ་རྫོང་དང་ངམ་རིང་རྫོང་ཁུལ་དུ་རྒྱ་གཞུང་ཉེན་རྟོག་མི་སྣས་བརྟག་དཔྱད་མ་བྱས་པར་གང་བྱུང་ཕྱུགས་ཟོག་སྡེབ་གསོད་ཀྱི་མི་མང་གི་འཚོ་རྟེན་ལ་དཀའ་ངལ་ཆེན་པོ་བཟོ་བཞིན་པའི་གནས་ཚུལ་ཐོན་བཞིན་འདུག ད་ལྟའི་ཆར་བོད་ནང་དུ་དགེ་འདུན་པ་ཚོས་དབྱར་གནས་སྲུང་བ་དང། ལྷ་སའི་མི་དམངས་ཀྱི་གྲྭ་དམངས་ལ་ཞོ་ཡི་སྟོན་མོ་ཕུལ་བའི་དུས་ཚོད་དང་། ལྷག་པར་འདི་ཕྱོགས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐྱེ་འགྲོ་སྤྱི་དང་ཡང་སྒོས་བོད་བསྟན་སྲིད་ཀྱི་ཆེད་སྐུ་མཚམས་སུ་བཞུགས་བཞིན་ཡོད་པའི་དུས་ཚོད་ངེས་ཅན་ཞིག་ཡིན་པའི་སྐབས་འདི་ནི་བོད་མི་སྤྱི་བོ་གནམ་བསྟན་ཡོད་ཚད་ཀྱི་ཁ་ཏོན་དགེ་སྦྱོར་བྱས་ནས་ཚོགས་བསགས་སྒྲིབ་སྦྱོང་གི་དུས་བཟང་དམིགས་བསལ་ཞིག་ལ་རྩི་བཞིན་ཡོད། འོན་ཀྱང་བློ་ཕམ་དང་ཆེས་ཐབས་སྡུག་པ་ཞིག་ལ་གཞིས་རྩེ་ས་གནས་ལྷ་རྩེ་རྫོང་དང་ངམ་རིང་རྫོང་གི་བར་ལ་ཡོད་པའི་གནས་རི་ཆེན་པོ་ཡག་རི་དགེ་བསྙེན་ཆེན་པོ་ཞེས་པའི་གནས་རི་ཆེན་པོ་ཞིག་ཡོད་པ་དེའི་ཉེ་འདབས་སུ་འཚོ་བཞིན་པའི་ཕྱུགས་ཟོག་ལ་ཁས་ལད་ཅེས་པའི་ནད་གཞི་ནམ་ཞག་རྒྱུན་དུ་སེམས་ཅན་ཤ་ཤེད་སྐྱོ་བོ་རྣམས་ལ་ཕོག་གི་ཡོད་པ་དེ་རྒྱ་གཞུང་ཉེན་རྟོག་པས་བཅོས་ཐབས་མེད་པའི་འགོས་ནད་དུ་བརྩིས་ནས་ཁུལ་དེའི་ཕྱུགས་ཟོག་ཚང་མ་སྡེབ་གསོད་གཏོང་དགོས་པའི་བཙན་བཀའ་བཏང་ཡོད་པ་མ་ཟད། ཕྱི་ཟླ་ ༨ པའི་ཚེས་ ༢ ཉིན་ལྷ་རྩེ་རྫོང་ཆོས་མ་ཤང་རྒྱན་མདའ་གྲོང་འཚོ་དང་། ཐང་ཀ་གྲོང་སྡེ་གཉིས་སུ་གཡག་ ༢ དང་བ་ཕྱུགས ༡༤ ས་དོང་ནང་མེ་མདའ་བརྒྱབ་པ་དང་སྣུམ་བཤོས་ནས་མེར་སྲེག་བཏང་འདུག སེམས་ཅན་ཁ་ཤས་ལུས་ཀྱི་སྤུ་ཚང་མ་འཚིག་ཀྱང་ད་དུང་ཤི་མེད་པར་ས་དོང་ནས་ཕྱིར་ཐོན་ཡོང་བ་བྱུང་འདུག
དེ་བཞིན་ཕྱི་ཟླ ༨ ཚེས་ ༣ ཉིན་གོང་ལྟར་ཕྱུགས་ཟོག་སྡེབ་གསོད་གཏོང་རྩིས་བྱས་ཡོད་ཀྱང་ས་གནས་མི་དམངས་ཀྱིས་རླངས་འཁོར་ཡོང་སའི་ལམ་བུ་བཀག་ནས་ངོ་རྒོལ་བྱས་འདུག ཕྱི་ཚེས། ༩ ཉིན་མི་དམངས་བསྡུ་འཛོམས་ཤིག་གི་སར་རྒྱ་གཞུང་གིས་ནད་ཕོག་པའི་སེམས་ཅན་གསོད་རྒྱུར་སུ་ཞིག་གི་བཀག་འགོག་བྱས་པ་ཡིན་ན་དེ་ནི་རྒྱལ་ཁབ་ལ་ངོ་རྒོལ་བྱས་པ་ཡིན་པས་ཚེ་གང་བཙོན་འཇུག་བྱེད་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག ཕྱི་ཚེས་ ༡༠ ཉིན་རྒྱན་མདའ་གྲོང་སྡེའི་གྲོང་མི་སྐལ་བཟང་ཞུ་བ་ཞིག་ནས་ཕྱུགས་ཟོག་དམར་གསོད་གཏོང་རྒྱུར་གཏན་ནས་ཁས་ལེན་མ་བྱས་སྟབས་ཕྱི་ཚེས་ ༡༡ གི་ཐོ་རེངས་ཆུ་ཚོད་བཞི་པའི་ཐོག་ས་གནས་སྤྱི་བདེ་མི་སྣས་བཙན་འཁྲིད་བྱས་ཏེ་ད་ལྟའི་ཆར་ས་གནས་གང་ཞིག་ཏུ་བཙོན་འཇུག་བྱས་ཡོད་མེད་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། ཕྱི་ཚེས་ ༡༢ ཉིན་ཐང་ཀ་གྲོང་སྡེ་གཅིག་པུར་གོང་ལྟར་མཛོ་དང་གཡག་གྲངས་ ༥༢ དམར་གསོད་བཏང་ཡོད་འདུག
དེ་བཞིན་ཡག་རིའི་རྒྱབ་ངོས་ངམ་རིང་རྫོང་ཁོངས་སུ་གཏོགས་པ་མདོག་གཞུང་བསྟར་རྒྱུས་བཅས་པར་མཚན་མོ་རྒྱ་མིའི་ཉེན་རྟོག་པ་དང་དམག་མིའི་རླངས་འཁོར་བཞི་དང་ས་དོང་སྔོག་མཁན་རླངས་འཁོར་བཞི་བཅས་སླེབས་ནས་གཡག་དང་། མཛོ། བ་ཕྱུགས་བཅས་གྲངས་ ༦༨ ས་དོང་ནང་གསོན་སྦས་བཏང་ཡོད་པ་དང། ཕྱི་ཚེས། ༨ ཉིན་བསྟར་རྒྱུས་དང་ཉེ་འགྲམ་དུ་ཡོད་པའི་མདོག་ལྷོ་ཟེར་བའི་གྲོང་མཚོ་དེར་ཉིན་མོ་ཕྱུགས་རྫིའི་ལག་ནས་འོ་མ་ཞོ་རྒྱུ་ཡོད་པའི་མཛོ་མོ་དང་བ་ཕྱུགས་གྲངས། ༢༡ བཙན་འཕྲོག་ཀྱིས་ས་དོང་ནང་སྦས་འདུག གྲོང་སྡེ་དེའི་ཁྱིམ་ཚང་ཆ་རྐྱེན་ཏོག་ཙམ་ཞན་པོ་ཡོད་པའི་ཨ་མ་རྒན་མོས་རང་གི་འཚོ་བརྟེན་འོ་མ་ཞོ་རྒྱུ་ཡོད་པའི་མཛོ་མོ་གཉིས་དང་བ་ཕྱུགས་གཅིག་ཡོད་པ་དེ་བསད་པ་ཐོས་རྗེས་ཨ་མ་དེ་སེམས་ནད་ཀྱིས་ཉིན་དེ་རང་ལ་འདས་གྲོངས་སུ་ཕྱིན་འདུག
ཕྱི་ཟླ་ ༨ ཚེས། ༩ ཉིན། ངམ་རིང་རྫོང་བསྟར་རྒྱུས་གྲོང་སྡེའི་ཉེ་འགྲམ་སྤེལ་མ་གྲོང་འཚོ་ཟེར་བ་དེར་གོང་ལྟར་ཕྱུགས་ཟོག་གྲངས། ༥༨ ལ་ན་ཚ་ཡོད་མེད་སོགས་ཀྱི་བརྟག་དཔྱད་རྩ་བ་ནས་མ་བྱས་པར་སྡེབ་གསོད་བཏང་ཡོད་འདུག རྒྱ་གཞུང་གི་འཛེམ་ཟོན་ཅི་ཡང་མེད་པར་བོད་མིའི་འཚོ་རྟེན་ཕྱུགས་ཟོག་ལྷག་མ་རྣམས་ཀྱང་སྡེབ་གསོད་གཏོང་དགོས་པའི་བཙན་བཀའ་གཏོང་བཞིན་ཡོད་པའི་སྐབས་ཡུལ་མི་སྟོང་ཕྲག་མ་ཟིན་ཙམ་འདུ་འཛོམས་བྱས་ནས་རྒྱ་གཞུང་ལ་ཕྱུགས་ཟོག་རྣམས་ལ་སྨན་བཅོས་ཡོང་རེ་དང་སྨན་བཅོས་བྱས་ན་དྲག་སྐྱེད་ཡོང་ཐབས། དེ་བཞིན་དམར་གསོད་མི་དགོས་པའི་ཞུ་འབོད་བྱས་ཀྱང་མི་དམངས་རྣམས་ལ་ས་རྟགས་དང་མཛུབ་ཐེལ་བརྒྱབ་ནས་འགན་ལན་བྱེད་དགོས་པ་བཤད་འདུག་པ་མ་ཟད
དེང་སྐབས་ས་གནས་དེ་གའི་གཡས་གཡོན་གྱི་ལམ་བུ་རྣམས་དམག་མིས་བཀག་ནས་ཡུལ་མི་རྣམས་རང་གི་ལས་ཀའི་ཆེད་དུ་འགྲོ་འོང་གི་རང་དབང་ཡང་མེད་པ་ཆགས་ཡོད་འདུག
མཛོ་གཡག་རྣམས་ནི་ཁུལ་དེའི་ཞིང་ཁ་རྨོ་བྱེད་ཙམ་དུ་མ་ཟད་འཚོ་བའི་རྟེན་གཞི་གལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་ན་ཡང་། རྒྱ་གཞུང་གི་དེ་དག་ལ་ད་ལྟའི་ཆར་གུན་གསབ་ཀྱི་དངུལ་དངོས་སྤྲོད་རྒྱུའི་སྐད་ཆ་གང་ཡང་བཤད་མི་འདུག ཡུལ་མི་རང་མིང་བརྗོད་འདོད་མེད་པ་ཞིག་གིས་གསུངས་པ་ལྟར་ན། ཕྱུགས་ཟོག་ལ་ཕོག་ཡོད་པའི་ན་ཚ་དེ་དག་ནི་རྒྱུན་ལྡན་གྱི་ན་ཚ་ཞིག་ཡིན་པ་དང་། སྨན་བཅོས་བྱས་ན་དྲག་སྐྱེད་ཡོང་རྒྱུ་ཡོད་པའི་ན་ཚ་ཞིག་རེད། ཐེངས་འདིའི་གནས་ཚུལ་ནི་སྲིད་གཞུང་གི་འཆར་གཞི་ཡོད་པའི་ཐོག་ནས་མི་དམངས་ལ་བཙན་བཀའ་བཏང་བ་ཞིག་རེད། གང་ཡིན་ཟེར་ན། རྒྱ་ནག་གཞུང་གི་དེ་སྔ་ནས་གཏེར་ཁ་སྔོག་འདོན་བྱེད་རྒྱུའི་འཆར་གཞི་ཡོད་པ་ལྟར། ལོ་གཉིས་ཙམ་གྱི་གོང་ནས་ཡག་རིའི་རྡོ་མང་པོ་ཞིག་ལ་རྒྱ་ཡིག་དང་རྟགས་འདྲ་མིན་སྣ་ཚོགས་བརྒྱབ་ནས་གཏེར་ཁ་སྔོག་རྒྱུའི་གྲ་སྒྲིག་བྱས་པ་རེད། འོན་ཀྱང་སྐབས་དེར་མི་དམངས་ཚོས་གཏེར་ཁ་སྔོག་འདོན་བྱས་ན་མི་ཕྱུགས་མང་པོའི་འཐུང་ཆུ་དང་ཁོར་ཡུག་ལ་གནོད་སྐྱོན་ཐེབས་ཀྱི་ཡོད་པའི་བསམ་ཚུལ་ཤུགས་ཆེ་བྱུང་བར་བརྟེན་ལོ་གཉིས་ཙམ་ནར་འགྱངས་བྱས་པ་རེད་ཅེས་དང་། འདི་ལོ་ཕྱུགས་ཟོག་དམར་གསོད་གཏོང་དགོས་དོན་ནི་ཕྱུགས་ཟོག་དེ་རྣམས་ལ་དབྱར་ནད་ཁས་ལད་ཅེས་པ་དེ་ཕོག་པའི་དུས་དང་བསྟུན་ནས་ནད་གཞི་འདི་བཅོས་ཐབས་མེད་པའི་འགོས་ནད་ཅིག་ཕོག་ཡོད་པའི་ཉེས་འཛུགས་འོག་སྡེབ་གསོད་གཏོང་དགོས་པའི་བཙན་བཀའ་བཏང་བ་ཞིག་རེད་ཅེས་དང་། དེ་ནི་གཏེར་ཁ་སྔོག་འདོན་སྐབས་ཕྱུགས་ཟོག་ལ་གནོད་པ་འཚབ་ཆེན་ཡོང་གི་ཡོད་པ་ཤེས་བཞིན་པའི་ཐོག་ནས་རྒྱ་གཞུང་གིས་སྔོན་ཚུད་ནས་མི་དམངས་ཀྱི་ཁ་འགོག་པའི་ཐབས་ཤེས་ཤིག་ཡིན་པ་ཚིག་ཐག་ཆོད་པོས་གསུངས་བཞིན་འདུག
ད་ཐེངས་ཀྱི་གནས་ཚུལ་དེའི་རྐྱེན་པས་ས་གནས་གཞན་པ་རྣམས་ལའང་རྒྱ་གཞུང་ནས་དེ་ལྟ་བུའི་བཙན་བཀའ་གཏོང་བའི་ཉེན་ཁ་ཡོད་པར་བརྟེན། ཡུལ་མི་རྣམས་བློ་ཚབས་ཆེན་པོའི་ཐོག་གནས་ཡོད་འདུག་པ་བཅས།།