༢༠༡༣ ཟླ་ ༨ ཚེས་ ༡༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༩ ཉིན་གྱི་ཇར་མན་གྱི་གྲོང་ཁྱེར་ཕ་རན་ཕུ་ཊི་ནང་ས་གནས་བོད་རིགས་ཚོགས་ཆུང་གི་གོ་སྒྲིག་འོག་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ལྷན་འཛོམས་ཀྱིས་བོད་ནང་གི་བོད་མིར་གདུང་སེམས་མཉམ་སྐྱེ་མཚོན་ཆེད་མཆོད་འབུལ་སྨོན་ལམ་དང་འབྲེལ་ཞི་རྒོལ་གྱི་ལས་འགུལ་ཞིག་སྤེལ་འདུག
དེ་ཡང་ལས་འགུལ་བ་རྣམས་ནས་མཆོད་འབུལ་སྨོན་ལམ་བཏོན་གྲུབ་མཚམས་ཁུལ་དེའི་ཁྲོམ་གཞུང་དུ་བོད་ཀྱི་རྒྱལ་དར་འཕྱར་བ་དང་ལྷན་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་བཟོད་ཐབས་བྲལ་ཏེ་བོད་མི་ ༡༢༠ ནས་རང་ལུས་མེར་སྲེག་གཏོང་དགོས་ཐུག་པའི་རྒྱུ་རྐྱེན་འགྲེལ་བརྗོད་གནང་བ་མ་ཟད། ཁོང་རྣམ་པའི་འདྲ་པར་འགྲེམས་སྤེལ་གནང་སྟེ་བོད་ནང་གི་གནས་སྟངས་ཉིན་རེ་བཞིན་ཇེ་ཞན་ཇེ་སྡུག་ཏུ་འགྲོ་གི་ཡོད་སྐོར་མང་ཚོགས་ལ་གསལ་སྟོན་གནང་འདུག
ལྷག་པར་ཁུལ་དེའི་གཞུང་ཕྱོགས་ཀྱིས་གཙོས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ལས་ཁུངས་སོགས་ནས་བོད་ཀྱི་གནད་དོན་ལ་དོ་ཁུར་གྱིས་དཀའ་ངལ་སེལ་ཐབས་ལ་སྔར་ལྷག་འབད་བརྩོན་གནང་དགོས་པའི་རེ་འབོད་གནང་འདུག དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ནས་ད་ལྟའི་བོད་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་སྲུང་སྐྱོབ་དགོས་སྐོར་གྱི་སྙན་ཞུ་ཞིག་ཀྱང་ཕུལ་འདུག་པ་བཅས། །