༢༠༡༣ ཟླ་ ༨ ཚེས་ ༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༨ ཉིན་བོད་ནང་གི་ཡིག་གཟུགས་འབྲི་མཁན་དགེ་མང་འཇམ་དཔལ་དང་ལྷ་བྲིས་པ་རྡོ་རྗེ་དོན་གྲུབ་ལགས་གཉིས་ཀྱིས་བྲིས་པའི་བོད་ཀྱི་ཡིག་གཟུགས་ལ་འཛམ་གླིང་གྷེ་ནི་སིའི་ཟིན་ཐོའི་བྱ་དགའ་ཐོབ་འདུག
དེ་ཡང་དུས་བབ་དྲ་ཚིགས་ཐོག་འཁོད་པའི་གནས་ཚུལ་ལྟར་ན། ཁ་ཉིན་བོད་ལྗོངས་དངོས་མང་བཤམས་སྟོན་ཁང་དུ་འཛམ་གླིང་གྷེ་ནི་སིའི་ཟིན་ཐོའི་ (World Guinness Record) བྱ་དགའ་སྤྲོད་པའི་མཛད་སྒོ་ཞིག་བསྡུས་ཡོད་པའི་ཐོག བོད་ནང་གི་ཡིག་གཟུགས་འབྲི་མཁན་དགེ་མང་འཇམ་དཔལ་ལགས་དང་། ལྷ་བྲིས་བ་རྡོ་རྗེ་དོན་འགྲུབ་ལགས་གཉིས་ཀྱིས་བྲིས་པའི་འཛམ་གླིང་ཐོག་ཆེས་རིང་བ་དང་ཡིག་གཟུགས་ཆེས་མང་བའི་བརྩམས་ཆོས་༼བོད་ཀྱི་ལོ་རྒྱུས་ཐོག་གི་ཡིག་གཟུགས་གཅེས་བསྡུས་༽ཞེས་པར་འཛམ་གླིང་གྷེ་ནི་སིའི་ཟིན་ཐོའི་བྱ་དགའ་ཐོབ་ཡོད་འདུག ཡིག་གཟུགས་གཅེས་བསྡུས་དེའི་རིང་ཚད་ལ་སྨི་ ༢༠༦ དང་། མཐོ་ཚད་ལ་ལི་སྨི་ ༨༠ ཡོད་འདུག་ལ། ཐེངས་འདིར་ཁོང་གཉིས་ཀྱིས་ལག་སོན་བྱུང་བའི་བོད་ཀྱི་ལོ་རྒྱུས་རིམ་བྱུང་གི་ཡིག་གཟུགས་རིགས་མི་འདྲ་བ་ ༡༧༧ འགྲེམས་སྟོན་བྱས་ཡོད་པ་དང་།
ཡིག་གཟུགས་དེ་དག་ནི་ཀ་མད་སུམ་ཅུ་དང་ལེགས་བཤད། སྙན་ངག་བཅས་ལ་སྦྱར་ཏེ། གནའ་ནས་ད་བར་གྱི་བོད་ཀྱི་ལོ་རྒྱུས་ཐོག་གི་ཡིག་གཟུགས་སོ་སོ་ཕྱོགས་གཅིག་ཏུ་བསྡུས་ནས་གོ་རིམ་བཞིན་བཀོད་པ་དང་། བོད་ཀྱི་ཡི་གེ་གསར་གཏོད་མཁན་ཐོན་མི་སམ་བྷོ་ཊའི་གཙོས་ལོ་ངོ་ ༤༠༠༠ ལྷག་གི་ལོ་རྒྱུས་ཐོག་བྱུང་བའི་ཡིག་གཟུགས་གསར་གཏོད་མཁན་སོ་གཉིས་ཀྱི་སྐུ་བརྙན་གོ་རིམ་བཞིན་བཀོད་པ་བརྒྱུད་ནས། བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་དང་དེའི་ལོ་རྒྱུས་ལ་ཐོས་བསམ་དབེན་པའི་མིག་སྔའི་སྟོང་ཆ་འདི་བསྐོང་ཅི་ཐུབ་གནང་ཡོད་འདུག ཡིག་གཟུགས་འབྲི་མཁན་དགེ་མང་འཇམ་དཔལ་དང་ལྷ་བྲིས་ཉན་ཤུལ་རྡོ་རྗེ་དོན་གྲུབ་གཉིས་ཀྱིས། ལོ་ངོ་བཞིའི་རིང་ལ་བོད་མདོ་དབུས་ཁམས་གསུམ་གྱི་གྲྭ་ས་དང་དགོན་སྡེ། བཤམས་སྟོན་ཁང་། དེ་མིན་བླ་སྤྲུལ་དང་། དམངས་ཁྲོད་ཀྱི་ཉར་ཚགས་མཁན་ལ་སོགས་པའི་སར་བཅར་ནས་རྒྱུ་ཆ་དཀོན་པོ་དེ་རིགས་འཚོལ་སྡུད་དང་ཕྱོགས་བསྡུས་གནང་བ་དང་། ཡིག་གཟུགས་དེ་དག་གི་འབྲི་སྟངས་ལ་སྦྱང་བ། མཚོན་དོན་ལ་ངོས་འཛིན་བྱེད་པ་སོགས་ཀྱི་དཀའ་ངལ་མང་པོ་ཁྱད་དུ་བསད་མཐར། བོད་ཀྱི་ལོ་རྒྱུས་ཐོག་གི་ཡིག་གཟུགས་གཅེས་བསྡུས་འདི་ཐོག་མར་གེགས་མེད་བདེ་བླག་ངང་ལེགས་འགྲུབ་བྱུང་བ་ཞིག་ཡིན་འདུག