༢༠༡༣ ཟླ་ ༨ ཚེས་ ༧ རེས་གཟའ་ལྷག་པ།
༄༅། །རྒྱ་ནག་གཞུང་གིས་བོད་དོན་ལས་འགུལ་སྤེལ་བའི་ཉེས་མིང་འོག་གསེར་རྟ་རྫོང་གི་བོད་མི་ལྔ་ལ་ལོ་གཉིས་ནས་ལོ་ལྔ་དང་ཟླ་དྲུག་བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༡ ཉིན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་ཆུ་རྫོང་ཁྲིམས་ཁང་ཟེར་བ་ནས་ཕ་ཡུལ་གསེར་རྟ་ནས་ཡིན་པའི་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་ལགས་དང་། བསམ་འགྲུབ་ལགས། གཡུ་སྦྲང་ལགས། དྲན་གསལ་ལགས། ཤེལ་རྒྱལ་ལགས་བཅས་བོད་མི་ལྔ་ལ་བོད་དོན་ལས་འགུལ་སྤེལ་མཁན་དང་། “དམར་ཆུང་ངོ་རྒོལ་ཚོགས་པ་ཞེས་པའི་ཚོགས་མི་ཡིན་པའི་ཉེས་མིང་འོག་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༥ ཉིན་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་ལགས་འཛིན་བཟུང་བྱས་ཏེ་ད་ལྟའི་བར་བཀར་ཉར་བྱས་རྗེས། ཟླ་འདིའི་ཕྱི་ཚེས་ ༡ ཉིན་བོད་དོན་ལས་འགུལ་སྤེལ་བའི་ཉེས་མིང་འོག་ལོ་ ༥ དང་ཟླ་ ༦ དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག ཁོང་ནི་དཀར་མཛེས་ཁུལ་གསེར་རྟ་རྫོང་རགས་བཀྲམ་ཡུལ་ཚོའི་གེ་འཕེན་སྡེ་བ་ནས་ཡིན་པ་དང་། ཡུལ་ཚོའི་སློབ་ཆུང་དང་གསེར་རྟ་རྫོང་སློབ་འབྲིང། དཀར་མཛེས་རྫོང་དགེ་འོས་སློབ་གྲྭ་བཅས་སུ་སློབ་ཐོན་བྱུང་རྗེས། བརྡར་ཚང་དང་ཧོར་ཤུལ་ཡུལ་ཚོ་གཉིས་ཀྱི་སློབ་གྲྭར་སྔ་རྗེས་དགེ་རྒན་གནང་ཡོད་འདུག ཁོང་འཛིན་བཟུང་བྱེད་སྐབས་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་བྲག་མགོ་རྫོང་ཁོངས་སུ་གསར་འཛུགས་གནང་བའི་སློབ་གྲྭ་ཞིག་ཏུ་དགེ་རྒན་གྱི་ལས་ཀ་བྱེད་ཀྱི་ཡོད་པ་དང་། ཁོང་གིས་དེ་སྔོན་ལས་ཞོར་དུ་རྩོམ་ཡིག་མང་པོ་བྲིས་ཏེ་དེབ་ཁག་གཅིག་ཀྱང་འགྲེམས་སྤེལ་གནང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༨ ལོར་ ༼ས་བྱི་ཁྲག་བྲིས་དམར་པོ།༽ ཞེས་པའི་དཔེ་དེབ་གཅིག་ཀྱང་བརྩམས་ཡོད་འདུག
ཕ་བསོད་ནམས་རྒྱལ་གྱི་བུ་རང་ལོ་ ༣༢ ལ་སོན་པའི་བསམ་འགྲུབ་ལགས་ནི། དཀར་མཛེས་ཁུལ་གསེར་རྟ་རྫོང་མགོན་མཆོག་སྡེ་བ་ནས་ཡིན་པ་དང་། ཕྱི་ལོ་ ༢༠༡༢ ལོའི་ཕྱི་ཟླ་ ༦ ཚེས་ ༡༣ ཉིན་རྒྱ་གཞུང་གིས་ཁོང་བོད་དོན་ལས་འགུལ་སྤེལ་བའི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ་ད་བར་བཀག་ཉར་བྱས་རྗེས། ཟླ་འདིའི་ཕྱི་ཚེས་ ༡ ཉིན་ལོ་ ༥ བཙོན་འཇུག་ཁྲིམས་ཐག་བཅད་འདུག གཡུ་སྦྲང་ལགས་ནི་བསམ་འགྲུབ་ལགས་དང་མཉམ་དུ་འཛིན་བཟུང་བྱས་ཡོད་འདུག ཉེ་ལམ་རྒྱ་གཞུང་གིས་གཡུ་སྦྲང་ལགས་སུ་ལོ་ ༢ ཀྱི་ཁྲིམས་ཆད་དང་། དེ་བཞིན་དྲན་གསལ་ལགས་སུ་ལོ་ ༣ ། ཤེལ་རྒྱལ་ལགས་སུ་ལོ་ ༢ བཅས་ཀྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག