༢༠༠༩ ཕྱི་ཟླ་ ༧ ཚེས་ ༢ རེས་གཟའ་ཕུར་བུ།
༄༅། །འདི་གར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་གསལ་ལྟར་ན། དེ་སྔ་ ༢༠༠༩ ཟླ་ ༣ པའི་ནང་འབའ་ཐང་རྫོང་ཁོངས་སུ་སྤོ་གུར་གཤིས་ཤང་ཉེན་རྟོག་ལས་ཁུངས་སུ་འབར་གས་ཀྱི་དོན་རྐྱེན་བྱུང་བ་དང་། དེ་རྗེས་བོད་རྒྱ་གཉིས་ཀྱི་ཡིག་རིགས་ཐོག་རྒྱ་མི་བོད་ནས་མར་རྒྱུག་ཅེས་པ་སོགས་ཀྱི་འཕྲེད་དར་ཆེན་པོ་ས་གནས་སུ་སྒྲེང་འཛུགས་བྱས་པའི་གནས་ཚུལ་ཐོན་སྟབས་བོད་རིགས་ན་གཞོན་བཞི་ལ་དོགས་གཞི་བྱས་ཏེ་འཛིན་བཟུང་གི་བཀའ་རྒྱ་བསྒྲགས་སྐབས་ན་གཞོན་དེ་དག་ས་གནས་ནས་རི་མགོར་བྲོས་བྱོལ་དུ་འགྲོ་དགོས་པ་བྱུང་ཡོད།
གནས་ཚུལ་དེས་རྐྱེན་པས་ཕྱི་ཟླ་ ༦ ཚེས་ ༡༩ ཉིན་སྒང་རི་ལུང་པའི་བརྒྱ་དཔོན་བཀྲིས་ལགས། ལོ་ ༤༠ སོན་པ་(ཕ་མིང་དབུ་རྒྱན་རིག་འཛིན།) དེ་ཉིན་འབའ་ཐང་རྫོང་དུ་ཅ་དངོས་ཉོས་ནས་ནང་དུ་ལོག་ཡོང་སྐབས་ལམ་བར་རྫོང་སྤྱི་བདེ་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་། འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་ནི་གོང་གི་ས་གནས་སུ་གནས་ཚུལ་བྱུང་བ་དེ་དག་ནི་ཁོང་ནས་བརྒྱུད་བསྐུལ་བྱས་པ་ཞིག་ཡིན་ཚུལ་སྐྱོན་འཛུགས་བྱས་ཡོད་ཀྱང་། ད་ལྟའི་ཆར་ས་གནས་གང་ཞིག་ཏུ་བཀག་ཉར་བྱས་ཡོད་མེད་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མེད་པར་གྱུར་ཡོད་པ་རེད།།