༢༠༡༣ ཟླ་ ༨ ཚེས་ ༥ རེས་གཟའ་ཟླ་བ།
༄༅། །སྦེང་ལོར་དུ་ (Bangalore) རྟེན་གཞི་བྱས་པའི་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་དང་(University of Mysore)མེ་སོར་གཙུག་ལག་སློབ་གཉེར་ཁང་བར་གཉིས་མོས་གན་རྒྱ་འཇོག་པའི་ལས་གཞི་དངོས་སུ་འགོ་འཛུགས་ཀྱི་མཛད་སྒོ་ཚོགས་འདུག
དེ་ཡང་འདི་ལོ་ཕྱི་ཟླ་བཞི་པའི་ནང་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་དུ་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་དང་མེ་སོར་གཙུག་ལག་སློབ་གཉེར་ཁང་དབར་དམིགས་བསལ་སློབ་ཚན་ཁག་གཅིག་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་དུ་སློབ་ཁྲིད་གནང་སྟེ་མཐོ་སློབ་དེའི་ཤེས་ཡོན་གནས་ཚད་ལ་མེ་སོར་གཙུག་ལག་སློབ་གཉེར་ཁང་ནས་ངོས་འཛིན་གྱིས་ལག་འཁྱེར་སྤྲོད་རྒྱུའི་མོས་མཐུན་གན་རྒྱ་འཇོག་པའི་ལས་གཞིའི་མཛད་སྒོ་ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢ ཉིན་གྱི་ཕྱི་དྲོ་ཚོགས་འདུག
མཛད་སྒོའི་སྐུ་མགྲོན་གཙོ་བོ་མེ་སོར་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་སློབ་དཔོན་ཆེན་མོ་རང་ག་པ་ (Rangappa) མཆོག་གིས་སྣང་གསལ་ཞལ་འབྱེད་གནང་བ་དང་འབྲེལ་གསུང་དོན། ངས་ཚོང་དོན་གལ་ཆེར་འཛིན་པའི་ཤེས་ཡོན་བསྟི་གནས་ཁང་ཁག་ལ་རྒྱབ་སྐྱོར་བྱེད་ཀྱི་མེད། ངས་༸གོང་ས་ཏཱ་ལའི་བླ༌མའི་མཐོ་རིམ་སློབ་གཉེར་ཁང་ལྟ་བུའི་ཤེས་ཡོན་བསྟི་གནས་ཁང་ཁག་ནས་དགོས་མཁོ་ཅན་གྱི་མང་ཚོགས་ལ་ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུའི་འབད་བརྩོན་བྱེད་མཁན་རྣམས་ལ་རྒྱབ་སྐྱོར་ཞུ་བཞིན་ཡོད།
དེ་བཞིན་༸གོང་ས་ཏཱ་ལའི་བླ༌མའི་མཐོ་སློབ་ཁང་གི་སློབ་ཕྲུག་ཚོར་མེ་སོར་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་དང་ཁྱད་པར་མེད་པའི་ལག་འཁྱེར་སྤྲོད་རྒྱུ་ཡིན། ང་རང་མེ་སོར་གཙུག་ལག་སློབ་གཉེར་ཁང་དུ་ལོ་གསུམ་བཞིའི་ལས་རྒྱུན་དེའི་རིང་མཐོ་སློབ་འདིའི་ནང་ཞིབ་འཇུག་སྡེ་ཚན་འཛུགས་ཐུབ་ན། མེ་སོར་གཙུག་ལག་སློབ་ཁང་ནས་ངོས་འཛིན་གྱིས་ལག་འཁྱེར་ཐོབ་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཞེས་གསུང་བཤད་གནང་ཡོད།
དེ་ནས་ལས་གཞི་དེར་རྒྱབ་སྐྱོར་གནང་མཁན་དམིགས་བསལ་སྐུ་མགྲོན་ (Prof P Nagabushan) མཆོག་གིས་ལས་གཞི་དང་འབྲེལ་བའི་གསུང་གནང་ཡོད། དེ་རྗེས་ལྡི་ལི་དོན་གཅོད་དང་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་དང་མཐོ་སློབ་དེའི་སློབ་སྤྱི་བུ་མོ་ཚེ་རིང་ལགས་བཅས་ནས་རིམ་བཞིན་གསུང་བཤད་གནང་ཡོད། དེ་ནས་བོད་པའི་གཞས་སྣ་ཁག་གཅིག་འཁྲབ་སྟོན་གནང་སྟེ་རྟེན་འབྲེལ་གྱི་མཛད་སྒོ་མཇུག་སྒྲིལ་གནང་འདུག མཛད་སྒོར་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་དང་སྦེང་ལོར་ལྷོ་སྤྱི། སྦེལ་ཀོབ་ལུགས་བདེ་གཉིས་དང་ཧོན་སུར་བཅས་ཀྱི་ས་གནས་འགོ་འཛིན་སོགས་མཉམ་ཞུགས་གནང་འདུག