༢༠༡༣ ཟླ་ ༨ ཚེས་ ༣ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢ ཉིན་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ཟླ་ ༧ ཚེས་ ༣༠ ཉིན་ནག་ཆུ་ས་ཁུལ། ཤག་རོང་པོ་དགོན་དགའ་ལྡན་དར་རྒྱས་གླིང་གི་ཆོས་ལུགས་བྱེད་སྒོ་སྤེལ་རྒྱུ་མཚམས་འཇོག་གིས་དགོན་པ་སྒོ་རྒྱག་དགོས་བྱུང་བ་དང་། དགེ་འདུན་པ་རྣམས་དགོན་པ་དང་ཁ་བྲལ་ནས་ད་ལྟ་དགོན་པ་སྟོང་པ་ཆགས་ཡོད་འདུག
བོད་ནག་ཆུ་ཁུལ། ནག་ཆུ་རྫོང་། ཤག་རོང་པོ་དགོན་དུ་ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༢༠ ཉིན་གྱི་དོན་རྐྱེན་ཞེས་པའི་མིང་འདོགས་འོག་དགོན་པ་དེའི་དགོན་བདག་བླ་མ་རོང་པོ་ཆོས་རྗེའི་ཡང་སྲིད་སྐོར་ལ་༸གོང་ས་མཆོག་དང་འབྲེལ་བ་ཡོད་སྐོར་ཉེས་འཛུགས་ཀྱི་བཀག་འགོག་བྱས་པ་དང་སྦྲགས། དགོན་པ་དེའི་བླ་མ་ཟླ་བ་ཞུ་བ་དེའང་འཛིན་བཟུང་བྱས་ནས་ཆབ་སྲིད་ཀྱི་ཉེས་མིང་བཏགས་ནས་མི་ལོ་ ༧ དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་མ་ཟད། མ་འོངས་པར་བླ་མ་ཟླ་བ་དགོན་པ་དེའི་བླ་མའི་ཁེ་དབང་མེད་ཟེར་ནས་ཚོགས་ཐོག་ལ་ཁྱབ་བསྒྲགས་ཀྱི་དགོན་པ་དང་འབྲེལ་བ་བྱེད་མི་ཆོག་པ་དང་། ད་དུང་ནག་ཆུར་འགྲོ་མི་ཆོག་པའི་བཙན་བཀའ་ཡང་བཏང་ཡོད་འདུག
ཁོང་དགུང་ལོ་ ༧༨ ལ་ཕེབས་ཡོད་པ་དང་། སྙུན་གཞི་ཧང་ཅང་ལྕི་བའི་རྐྱེན་གྱིས་ལྷ་སའི་སྨན་ཁང་ཞིག་ཏུ་སྨན་བཅོས་གནང་བཞིན་ཡོད་ནའང་། ཉིན་མཚན་དབྱེར་མེད་ཉེན་རྟོག་པས་རྟོག་ཞིབ་བྱེད་བཞིན་ཡོད་འདུག དེའི་སྐབས་དགེ་འདུན་པ་རྣམས་ལ་༸གོང་ས་མཆོག་དང་རོང་པོ་ཆོས་རྗེ་བླ་མ་ཟླ་བ་བཅས་ལ་དགག་པ་རྒྱག་དགོས་ཞེས་ཡང་ཡང་བསུན་གཙེར་བཟོས་པའི་རྒྱུ་མཚན་ལ་བརྟེན་རང་ལོ་ ༧༥ ལ་སོན་པའི་དགོན་པ་དེའི་གྲྭ་དགེ་སློང་ངག་དབང་རྒྱ་མཚོ་ལགས་རང་ཤི་རྒྱག་དགོས་བྱུང་ཡོད།
དེ་དང་མཉམ་དུ་དགོན་པའི་དམངས་བདག་འགན་ཁུར་དང་དོ་དམ་འགན་ཁུར་བ་གཉིས་ལ་ཆབ་སྲིད་ཀྱི་ཉེས་འཛུགས་བྱས་ནས་ལོ་མང་བཙོན་འཇུག་བྱས་འདུག དེ་ལྟ་བུའི་བཟོད་ཐབས་མེད་པའི་གནས་ཚུལ་ལ་བརྟེན་དགེ་འདུན་པ་མང་དག་ཅིག་དགོན་པ་དང་ཁ་བྲལ་དགོས་བྱུང་འདུག གནས་ཚུལ་དེ་དང་འབྲེལ་ནས་སྡེ་དགོན་གྱི་སེར་སྐྱ་ཕོ་མོ་ཡོངས་བློ་ཕམ་དང་བཅས་འཛིན་བཟུང་བྱས་པའི་བླ་གྲྭ་རྣམས་གློད་བཀྲོལ་གཏོང་རོགས། ཞེས་སྲིད་གཞུང་ལ་རེ་ཞུ་ཐེངས་མང་བྱས་ཀྱང་། སྲིད་གཞུང་ལས་བྱེད་མི་སྣས་དོ་ཁུར་ཙམ་ཡང་མ་བྱས་པར་སྣང་མེད་དུ་བཞག་ཡོད།
ཡིད་སྐྱོ་བ་ཞིག་ལ་དུས་དེ་ནས་བཟུང་ད་ལྟའི་བར་དགོན་པའི་ཆོས་ལུགས་ཀྱི་བྱེད་སྒོ་ཁག་སྔར་བཞིན་འཚོགས་རྒྱུར་དཀའ་ངལ་ཡོད་པ་མ་ཟད། རོང་པོའི་དགུ་གཏོར་ཞེས་སྐད་གྲགས་ཆེ་བའི་ཆོས་ཕྱོགས་ཀྱི་བྱེད་སྒོ་དེ་ཡང་མཚམས་ཆད་ཡོད་སྐོར་གསུངས་པ་ལུང་འདྲེན་གནང་འདུག
ད་ལྟའི་ཆར་དགོན་པ་སྒོ་བརྒྱབ་ནས་ཉིན་གཉིས་ལས་མ་སོང་བའི་སྐབས་འདིར། དགོན་པའི་ཉེ་འཁོར་ཡོངས་རྫོགས་དམག་མིས་བསྐོར་ནས་ཡོད་པ་ལས། དེ་མིན་གྱི་གནས་ཚུལ་གང་ཡང་ཤེས་རྟོགས་དཀའ་བའི་གནས་སུ་གྱུར་འདུག