༢༠༠༩ ཕྱི་ཟླ་ ༦ ཚེས་ ༣༠ རེས་གཟའ་མིག་དམར།
དེ་ཡང་ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༦ ཚེས་ ༢༩ ཉིན་བལ་པོའི་གཞུང་འབྲེལ་མ་ཡིན་པའི་ Sambad Nepal ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Nikantha Sharmar མཆོག་ནས་གསལ་བསྒྲགས་མ་གནང་སྔོན། Sambad Nepal ཚོགས་པ་བཙུགས་ནས་དུས་ཡུན་ལོ་ག་ཚོད་ཕྱིན་སྐོར་དང་དེ་བཞིན་ཚོགས་པའི་ལས་དོན་བྱེད་ཕྱོགས་སྐོར་ལ་ངོ་སྤྲོད་གནང་གསལ། ང་ཚོའི་ཚོགས་པའི་ལས་ཀ་གཙོ་བོ་ནི་འགྲོ་བ་མིའི་ཐོབ་ཐང་ཡིན་སྐོར་སོགས་དང་འབྲེལ་ཚོགས་པ་དེ་བཙུགས་པ་ནས་བཟུང་བལ་ཡུལ་གཞུང་ལ་བོད་པའི་དཀའ་ངལ་སེལ་རྒྱུའི་རེ་བ་འདོན་མཁན་ཞིག་ཡིན། དེ་བཞིན་བོད་ཀྱི་རྩ་དོན་ལ་ཕན་སླད་བོད་སྐད་ཐོག་གློག་བརྙན་ཞིག་ཀྱང་བཟོས་ཡོད་ཅེས་དང་། སྔ་ལོ་བོད་ནང་བོད་མི་རྣམས་ནས་ཞི་རྒོལ་བྱས་པ་དེ་དག་ལ་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་གནང་བ་ལྟར་མུ་མཐུད་རྒྱབ་སྐྱོར་གནང་རྒྱུར་རེ་འབོད་ཞུས་བཞིན་ཡོད་ཅེས་སོགས་ཀྱི་གཏམ་བཤད་གནང་བ་དང་ཕྱོགས་མཚུངས་ད་རེས་རྡ་སར་འབྱོར་ནས་༸གོང་ས་མཆོག་མཇལ་རྗེས་འགྲོ་བ་མིའི་ཐོབ་ཐང་དང་འཛམ་གླིང་ཞི་བདེ། མང་གཙོའི་ཐོག་ལས་དོན་སྤེལ་རྒྱུའི་སྙིང་སྟོབས་དང་སྤོབས་སེམས་ཡང་དག་པ་ཞིག་སྐྱེས་བྱུང་། དེ་བཞིན་ཕྱི་དྲིལ་བཀའ་བློན་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཆོག་མཇལ་འཕྲད་ཞུས་པ་བརྒྱུད་ནས་བོད་ནང་གི་བོད་མི་རྣམས་ཀྱིས་སྡུག་སྦྱོང་ག་ཚོད་མྱངས་ཡོད་པ་དང་། དེ་བཞིན་དུས་རབས་མང་པོའི་སྔོན་ནས་བལ་བོད་དབར་གྱི་འབྲེལ་བ་ཡོད་པ་དེ་དག་མུ་མཐུད་ཡག་པོ་ཉར་ཚགས་བྱེད་དགོས་པ་ནི་གལ་ཆེ་ཡིན་པ་ཤེས་རྟོགས་བྱུང་། ཐེངས་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་གཞུང་གི་མཛད་གཙོ་རྣམ་པ་མཇལ་རྒྱུའི་གོ་སྐབས་བྱུང་བ་ནི་ངའི་ལོ་རྒྱུས་ནང་རླབས་ཆེན་གྱི་བྱ་བ་བཟང་པོ་ཞིག་ཡིན་ཞེས་དང་།
མཐའ་དོན་ཁོང་ནས་གསུང་གསལ། དེ་རིང་འདི་གར་ཕེབས་པའི་གསར་འགོད་པ་རྣམས་བརྒྱུད་རེ་འདུན་ཞུ་རྒྱུ་ཞིག་ལ་བལ་ཡུལ་གཞུང་གིས་ཕྱི་ལོ་ ༡༩༥༩ ལོར་མཉམ་འབྲེལ་རྒྱལ་ཚོགས་ནས་བཙན་བྱོལ་བའི་སྐོར་ལ་བཞག་པའི་ཆིངས་ཡིག་དེ་ལག་ལེན་བསྟར་ཐུབ་ཐབས་དང་འབྲེལ་བལ་ཡུལ་མི་མང་རྣམས་ནས་བོད་ནང་ཛ་དྲག་གི་གནས་སྟངས་དང་འགྲོ་བའི་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་ཐོབ་ཆེད་ཡིན། ཞེས་གཏམ་བཤད་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ།