༢༠༡༣ ཟླ་ ༧ ཚེས་ ༢༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༢༦ ཉིན་༸གོང་ས་མཆོག་ལ་རྒྱ་གར་གྱི་ནང་པའི་དགོན་པས་ (Buddhayan Mahasangha) ཇི་ལྟར་སྔོན་ནས་གསོལ་འདེབས་ཞུ་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་རྒྱ་གར་ལྷོ་ཕྱོགས་མཧཱ་རཱ་ཤི་ཊའི་ (Maharashtra) གྲོང་ཁྱེར་པུ་ནེར་ (Pune) རྒྱ་གར་ནང་པ་ཁག་གཅིག་གཙོ་བོ་གྱུར་བའི་དད་ལྡན་ཆོས་ཞུ་བ་རྣམས་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཆོས་འབྲེལ་སྩལ་ཡོད།
དེ་ཡང་ཆོས་འབྲེལ་ཉིན་དང་པོར་༸གོང་ས་མཆོག་གིས་པུ་ནེ་དང་དེའི་ཉེ་འཁོར་དུ་ཡོད་པའི་རྒྱ་གར་དང་བོད་རིགས། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་ཆོས་ཞུ་བ་ཉིས་སྟོང་ལྔ་བརྒྱ་བརྒལ་བར་སྤྱིར་ནང་ཆོས་ཇི་ལྟར་དར་ཁྱབ་བྱུང་ཡོད་མེད་དང། ཡང་སྒོས་འཛམ་གླིང་འདིར་ནང་ཆོས་ཇི་ལྟར་དར་ཁྱབ་བྱུང་ཡོད་མེད། སོགས་ངོ་སྤྲོད་དང་འབྲེལ་བཀའ་སློབ་ཕེབས་དོན། དེ་རིང་འདི་གར་ཁྱེད་རང་ཚོར་ཆོས་འབྲེལ་ཉིན་གཉིས་བྱ་རྒྱུ་ཡིན། ཐོག་མར་ཁྱེད་རང་ཚོ་ཚང་མར་འཚམས་འདྲི་ཡོད།
སྤྱིར་བཏང་རྒྱ་གར་ནི་ལྟ་གྲུབ་སྨྲ་བ་དང་ཆོས་ཕྱོགས་ཀྱི་མཁས་དབང་མང་དག་ཅིག་གི་འབྱུང་ཁུངས་ཆགས་ཡོད། འདས་པའི་ལོ་ངོ་སུམ་སྟོང་བཞི་སྟོང་ནང་རྒྱ་གར་ནང་མཁས་དབང་མང་དག་ཅིག་བྱུང་ཡོད། རྒྱ་གར་ནི་བོད་མི་རྣམས་ཀྱི་ཆོས་ཕྱོགས་ཀྱི་དགེ་རྒན་ཡང་ཆགས་ཡོད། ལེགས་སྦྱར་གཙོ་བོ་གྱུར་བའི་ཐེག་པ་ཆེན་པོའི་ཆོས་བརྒྱུད་རྒྱ་ནག་དང་། ཉི་ཧོང་། ཝི་ཏི་ནམ་སོགས་ལ་དར་ཡོད། དེ་བཞིན་བོད་དང་རྒྱ་གར་ཐད་ཀར་འབྲེལ་བ་བྱུང་རྗེས་བོད་ནང་སངས་རྒྱས་ཀྱི་བསྟན་པ་ཡོངས་སུ་རྫོགས་པ་དར་ཁྱབ་བྱུང་ཡོད་པ་མ་ཟད། དེ་ནས་རིམ་པས་སོག་པོ་དང་ཨུ་རུ་སུའི་མངའ་ཁོངས་སུ་ཡོད་པའི་ལུང་པ་མང་པོ་ཞིག་གི་ནང་དར་ཁྱབ་བྱུང་ཡོད་ཅེས་སོགས་ཀྱི་བཀའ་སློབ་དང་འབྲེལ་ནང་ཆོས་ངོ་སྤྲོད་མཛད་ཡོད།
ཕྱི་ཚེས་ ༢༧ ཆོས་འབྲེལ་ཉིན་གཉིས་པའི་ཐོག་༸གོང་ས་མཆོག་གིས་བཀའ་སློབ་ཕེབས་དོན། སྤྱིར་བཏང་འཛམ་གླིང་ནང་འཕྲུལ་ཆས་ཡར་རྒྱས་ཕྱིན་པའི་ཐོག་ནས་ཕྱི་དངོས་པའི་ཡར་རྒྱས་ཕྱིན་ཡོད་ཀྱང་ནང་སེམས་ལ་དཀའ་ངལ་འཕྲད་ཀྱི་ཡོད། དཀའ་ངལ་དེ་དག་ནང་སེམས་ནས་ཡོང་གི་ཡོད་པ་ནང་པ་ཚོས་བཤད་པ་ཙམ་མིན་པར། དེང་སྐབས་ཚན་རིག་པ་ཚོས་ཀྱང་ར་འཕྲོད་པ་དེ་འདྲ་བྱུང་ཡོད།
དེར་བརྟེན་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར། ང་ཚོས་རང་ཉིད་ཀྱི་སེམས་ཞི་དུལ་ཡོང་རྒྱུར་ཉིན་རེ་བཞིན་དོ་སྣང་ཤུགས་ཆེ་ཙམ་སྤྲོད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོ། ཅེས་སོགས་ཀྱི་བཀའ་སློབ་སྩལ་གྲུབ་མཚམས། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་རྩ་བ་ཤེས་རབ་ཀྱི་རབ་འབྱེད་ཉི་ཤུ་རྩ་དྲུག་པ་རྟེན་འབྲེལ་ཡན་ལག་བཅུ་གཉིས་སྐོར་སྲིད་པ་འཁོར་ལོའི་བཀའ་འཁྲིད་སྩལ་ཡོད། །