༢༠༡༣ ཟླ་ ༧ ཚེས་ ༢༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༣༠ དང་ ༣༡ ཉིན་ཨ་རི་དང་རྒྱ་ནག་དབར་ལོ་འཁོར་གྱི་འགྲོ་བ་མིའི་ཐོབ་ཐང་གྲོས་མོལ་ཚོགས་འདུ་ཐེངས་ ༡༨ ཚོགས་གཏན་འཁེལ་འདུག
སྐབས་དེར་ཨ་རི་གཞུང་ངོས་ནས་རྒྱ་གཞུང་གི་གྲངས་ཉུང་མི་རིགས་ཐོག་སྲིད་བྱུས་ལག་བསྟར་བྱེད་ཕྱོགས་དང་། དེ་བཞིན་ཆོས་དད་རང་དབང་གཙོ་བོར་གྱུར་པའི་མང་ཚོགས་ཀྱི་གཞི་རྩའི་ཐོབ་ཐང་སོགས་ཀྱི་ཐོག་གླེང་སློང་གནང་རྒྱུ་ཡིན་སྐོར་གསུང་འདུག
དེ་ཡང་རྒྱལ་ཁབ་ཕྱོགས་གཉིས་ཀའི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་ཚོགས་འདུ་དེ་རྒྱ་ནག་ལྷོ་ཕྱོགས་གྲོང་ཁྱེར་ཁུན་མིང་ནང་འཚོགས་རྒྱུ་ཡིན་པ་དང་། ཚོགས་འདུའི་གྲོས་གཞིའི་ཁོངས་སུ་རྒྱལ་ཁབ་ནང་ཁྲིམས་གཞི་ལག་བསྟར་བྱེད་ཕྱོགས་དང་། ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་། ངལ་རྩོལ་ཐོབ་ཐང་།
དེ་བཞིན་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་གཙོ་བོར་གྱུར་པའི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་གླེང་སློང་གནང་རྒྱུ་ཡིན་འདུག ཚོགས་འདུ་འདིར་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་ངལ་རྩོལ་ཚན་པའི་བློན་ཆེན་གཞོན་པ་ལྕམ་སྐུ་(Uzra Zeya)ལགས་དང་། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་རྒྱལ་སྤྱིའི་ལས་དོན་ཚན་པའི་འགོ་འཛིན་ལི་ཇུན་ཧཱ་ལགས་ཕྱོགས་གཉིས་ཀྱི་སྐུ་ཚབ་པས་སྣེ་ཁྲིད་འོག་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་འདུ་ཚོགས་ཀྱི་ཡོད་འདུག
བདུན་ཕྲག་རྗེས་མའི་ནང་ཚོགས་འཆར་ཡོད་པའི་ཚོགས་འདུ་དེ་དང་འབྲེལ་ཨ་རི་གཞུང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་སྐབས་དེར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ལྕམ་སྐུ་(Jen Psaki) ལགས་ཀྱིས་རྒྱ་ནག་གཙོ་བོར་གྱུར་པའི་གཞན་རྒྱལ་ཁབ་མང་པོའི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཡར་རྒྱས་གཏོང་རྒྱུར་ཨ་རིའི་ཕྱི་འབྲེལ་སྲིད་བྱུས་ནང་གི་ལས་དོན་གལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་སྟབས། དུས་རྒྱུན་དུ་ཨ་རི་གཞུང་ནས་དོ་འཁུར་ཆེན་པོས་རྒྱ་ནག་དང་ལྷན་དུ་གླེང་སློང་གནང་བཞིན་ཡོད་སྐོར་གསུངས་པ་མ་ཟད། ད་རེས་ཀྱི་ཚོགས་འདུ་དེའི་ཐོག་གནད་དོན་མཐིལ་རྟོགས་ཞིབ་དཔྱད་ཀྱི་གྲོས་མོལ་གནང་རྒྱུ་ཡིན་པ་གསུངས་འདུག
གཞན་ཡང་ལྕམ་སྐུ་མཆོག་གིས་ཐེངས་འདིའི་ཚོགས་འདུའི་ཁྲོད་ཨ་རིའི་སྐུ་ཚབ་ཀྱིས་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་འཚམས་གཟིགས་དང་བསྟུན་གཞུང་འབྲེལ་གནད་ཡོད་མི་སྣས་གཙོས་སྤྱི་དམངས་ཚོགས་པའི་ཚོགས་མི་རྣམས་དང་ལྷན་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་གླེང་སློང་གནང་རྒྱུ་ཡིན་པ་འགྲེལ་བརྗོད་དང་། ཚོགས་འདུ་དེ་བརྒྱུད་ཨ་རི་གཞུང་ངོས་ནས་རྒྱ་ནག་གི་འགྲོ་བ་མིའི་གནས་སྟངས་ཐོག་གླེང་སློང་གནང་རྒྱུའི་གོ་སྐབས་བཟང་ཤོས་ཤིག་ཆགས་ཀྱི་ཡོད་སྐོར་དང་། ལྷག་པར་ཚོགས་འདུ་དེ་བརྒྱུད་མ་འོངས་པར་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་ཕྱོགས་ཐད་ལ་སྐུལ་མ་གཏོང་རྒྱུའི་སྡིང་ཆ་གལ་ཆེན་པོ་ཞིག་ཡིན་པ་གསུངས་འདུག
རྩ་བའི་འདི་ཟླའི་ནང་ཨ་རི་དང་རྒྱ་ནག་གཉིས་ཀྱི་དབར་ཐབས་བྱུས་དང་དཔལ་འབྱོར་གོང་འཕེལ་གྱི་ཚོགས་འདུ་ཚོགས་པའི་ནང་། ཨ་རི་གཞུང་ངོས་ནས་བོད་དང་ཡུ་གུར་ནང་རྒྱ་ནག་གི་སྲིད་བྱུས་ལག་བསྟར་བྱེད་ཕྱོགས་ལ་ཐུགས་འཚབ་དང་སྦྲགས་རྒྱ་ནག་དང་ལྷན་དུ་གླེང་སློང་ཤུགས་ཆེ་གནང་ཡོད་པ་དང་། འདི་ལོའི་ཨ་རི་གཞུང་གི་འདོན་སྤེལ་གནང་བའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་དེའི་ནང་དུའང་བོད་དང་ཡུ་གུར་གཉིས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཧ་ཅང་སྐྱོ་པོ་ཡིན་པའི་གྲས་སུ་ངོས་འཛིན་གནང་ཡོད་འདུག་པ་བཅས།།