༢༠༡༣ ཟླ་ ༧ ཚེས་ ༢༦ རེས་གཟའ་པ་སངས།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་མཛད་འཕྲིན་ཉིན་མཐའ་མ་སྟེ་ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༢༤ ཉིན་གྱི་སྔ་དྲོ་དགའ་ལྡན་བླ་སྤྱིར་མགོན་པོ་གང་ཉིད་མཆོག་གིས་དགེ་འདུན་པ་ཞལ་གྲངས་ ༩༠ ལ་བསྙེན་རྫོགས་ཀྱི་སྡོམ་པ་འབོགས་ཆོག་སྩལ་ཡོད་པ་མ་ཟད། ཕྱེད་ཡོལ་ཆུ་ཚོད་ ༢ པའི་ཐོག་དགའ་ལྡན་ཚོགས་ཆེན་འདུ་ཁང་ནང་དགའ་ལྡན་ཤར་བྱང་གཉིས་ཀྱི་སློབ་གཉེར་བའི་མཚན་ཉིད་རྩོད་གྲྭར་གཟིགས་ཞིབ་མཛད་པ་དང་འབྲེལ་བཀའ་སློབ་སྩལ་དོན། ངོས་རང་རྒྱ་གར་ལྷོ་ཕྱོགས་ལ་ཡོང་དོན་གཙོ་བོ་ནི་དགེ་འདུན་པ་ཚོར་བསྙེན་རྫོགས་སྒྲུབ་ཆེད་ཡིན།
སློབ་གཉེར་བ་ཁྱེད་རང་ཚོས་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་སངས་རྒྱས་ཀྱི་བསྟན་པ་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་བྱས་ཏེ་མ་འོངས་པར་གཞིས་བྱེས་མཉམ་འཛོམས་བྱུང་སྐབས། བསྟན་པའི་མེ་རོ་སླར་གསོ་ཐུབ་པ་བྱེད་དགོས། དེ་སྔ་སྦག་ས་ཆོས་སྒར་ནས་འདི་གར་གནས་སྤོ་བྱེད་སྐབས་མཐུན་རྐྱེན་སོགས་ཀྱི་དཀའ་ངལ་ཧ་ཅང་མང་པོ་འཕྲད་ཡོད་པ་མ་ཟད། སློབ་གཉེར་བ་མང་པོ་ཞིག་ལས་ཀ་བྱེད་པར་བསྐྱོད་དགོས་བྱུང་ཡོད། དེང་སྐབས་མཐུན་རྐྱེན་བཟང་དུ་ཕྱིན་ཡོད་པ་ལྟར་སློབ་སྦྱོང་ཡར་རྒྱས་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། མཚམས་རེ་སློབ་གཉེར་བ་མང་དག་ཅིག་གིས་དུས་ཚོད་མང་པོ་ཞིག་དྲ་རྒྱའི་བརྒྱུད་ལམ་ཁག་ནང་བཏང་སྟེ་སློབ་སྦྱོང་ལ་འཐུས་ཤོར་ཕྱིན་ན་འགྲིག་གི་མེད།
དེང་སང་ནུབ་ཕྱོགས་རྒྱལ་ཁབ་མང་པོ་ཞིག་གི་ཕྲུ་གུ་མང་དག་ཅིག་གིས་དུས་ཚོད་ཕལ་ཆེ་བ་འཕྲུལ་འཁོར་སོགས་ཀྱི་ཐོག་ལ་བཏང་སྟེ། རིགས་པའི་ལམ་ནས་ཡིན་མིན་དབྱེ་མཚམས་འབྱེད་རྒྱུའི་སྲོལ་རྒྱུན་གྱི་གོམས་གཤིས་དེ་དག་རིམ་བཞིན་ཉམས་ཆག་འགྲོ་གི་ཡོད་པ་ཁོང་ཚོས་སྐྱོན་མཐོང་གི་ཡོད། དེར་བརྟེན་ཁོང་ཚོས་སྐྱོན་མཐོང་ཡུལ་དེར་ང་ཚོས་རྩ་ཆེན་པོ་བརྩིས་ཏེ་རྗེས་སུ་རྒྱུགས་ན་ཡག་པོ་མེད་པས། ཚང་མས་གཟབ་གཟབ་བྱེད་རྒྱུ་ཧ་ཅང་གལ་འགངས་ཆེན་པོ་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ་ཡོད།