༢༠༡༠ ཟླ་ ༨ ཚེས་ ༡༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༦ ནས་ ༢༠ བར་ཉིན་གྲངས་ལྔའི་རིང་བོད་གཞུང་ཤེས་རིག་ལས་ཁུངས་ནས་ས་རཱ་མཐོ་སློབ་ཏུ་བོད་གཞུང་སློབ་གྲྭ་ཁག་གི་མདུན་ལམ་སློབ་སྟོན་པའི་ཟབ་སྦྱོང་གོ་སྒྲིག་ཞུས་ཡོད། ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་བོད་སློབ་འཛིན་ཚོགས་སློབ་གྲྭ་ནས་དགེ་རྒན་ ༡༤ དང་། སམ་བྷོ་ཊའི་སློབ་གྲྭ་ནས་དགེ་རྒན་ ༧ དང། བལ་ཡུལ་བོད་རིགས་སློབ་གྲྭ་ནས་དགེ་རྒན་ ༣། ས་རཱ་ནས་དགེ་རྒན་ ༡ བཅས་ཁྱོན་དགེ་རྒན་ ༢༥ ཙམ་ཕེབས་ཡོད། ཟབ་སྦྱོང་དབུ་འཛུགས་ཀྱི་ཉིན་དང་པོའི་མཛད་སྒོའི་སྐབས་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་ལགས་ཀྱིས་གསུང་བཤད་གནང་ཡོད་པ་མ་ཟད། ཁོང་གིས་ཤེས་རིག་ལས་ཁུངས་སུ་སྤྱི་ཁྱབ་སློབ་སྟོན་པ་གཅིག་དང། རྒྱ་གར་བྱང་ཤར་ལྷོ་གསུམ་དུ་གནས་འཁོད་སློབ་སྟོན་པ་རེ་རེ་དང་བལ་ཡུལ་དུ་སློབ་སྟོན་པ་རེ་རེ་ལས་མེད་སྟབས་ཁྱད་ལས་པ་དེ་རྣམས་ཀྱིས་སློབ་ཕྲུག་ཚང་མའི་སར་སླེབས་ཐུབ་ཀྱི་མེད། དེར་བརྟེན་སློབ་གྲྭ་ཁག་གི་འགན་འཛིན་སོ་སོ་ནས་ཁྱད་ལས་སློབ་སྟོན་པ་བསྐོ་གཞག་བྱེད་དགོས་ཞེས་སྐུལ་མ་ཤུགས་ཆེ་གནང་ཡོད། ཟབ་སྦྱོང་གི་ཐོག་མའི་ཉིན་གསུམ་རིང་སྦེང་ལོར་དུ་རྟེན་གཞི་བྱས་པའི་པ་རི་ཝར་ཏན་སློབ་སྟོན་དང་། སྦྱོང་བརྡར། ཉམས་ཞིབ་བསྟི་གནས་ཁང་གི་(Parivarthan Centre For Counseling, Training and Research Centre) ལྕམ་གྷ་ཡ་ཊི་རི་བྷཊ་ (Dr.Ms Gayitri Bhatt) དང་མེ་ཊི་རི་གྷོ་པལ་ཀི་རིཤ་ན་(Maitri Gopalakrishna) གཉིས་ཀྱིས་སློབ་སྟོན་གྱི་རྩལ་དང་། ཕྲུ་གུའི་འཚར་ལོང། རྫས་རིགས་འདྲ་མིན་ལ་སྤྱོད་ཚུལ་སོགས་ཀྱི་ཐོག་ཟབ་སྦྱོང་གནང་ཡོད་པ་དང་། དེ་ནས་བོད་ཀྱི་རྩོད་རྙོག་འདུམ་འགྲིག་ཁང་གི་འགན་འཛིན་གཞོན་པ་བསོད་ནམས་བདེ་ཆེན་ལགས་ཀྱིས་སློབ་གྲྭའི་ནང་གི་རྩོད་རྙོག་སྐོར་ལ་གསུང་བཤད་གནང་ཡོད་པ་དང་། དེ་བཞིན་ཤེས་རིག་ལས་ཁུངས་ཀྱི་སྤྱི་ཁྱབ་སློབ་སྟོན་པས་སློབ་གྲྭའི་ནང་སློབ་ཕྲུག་དབར་ཐུབ་ཚོད་དབང་ཡོད་ཀྱི་རིགས་འདྲ་མིན་གྱི་ཐོག་ཚོགས་ཐེངས་གཉིས་ཀྱི་ཐོག་ཟབ་སྦྱོོང་སྤྲོད་རྒྱུ་དང་། ཕྱོགས་མཚུངས་ཤེས་རིག་ལས་ཁུངས་ཀྱི་དང་བླངས་སློབ་སྟོན་པ་བསོད་ནམས་དཔལ་མོ་ལགས་ཀྱིས་སློབ་ཕྲུག་ཚོར་སྦྱོང་ཤེས་བྱེད་མི་ཐུབ་པའི་དཀའ་ངལ་གྱི་རིགས་དང་རྟགས་མཚན་ཇི་ཡོད་སྐོར་སློབ་ཁྲིད་གནང་རྒྱུ་ཡིན་འདུག་པ་བཅས།།