༢༠༡༣ ཟླ་ ༧ ཚེས་ ༢༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༢༢ ཉིན་རྡ་སྟེང་བོད་ཀྱི་སྨན་རྩིས་ཡན་ལག་སྨན་ཁང་དུ་བོད་ཀྱི་གསོ་རིག་སྨན་དཔྱད་ཀྱི་དཔྱད་བཅོས་ཁང་ཞིག་གསར་དུ་དབུ་འབྱེད་གནང་ཡོད།
དེ་ཡང་དེ་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣།༣༠ ཐོག་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་དང་། དབུས་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་ལགས། སྐུའི་བླ་སྨན་ཞབས་ཞུ་བ་རྟ་མགྲིན་ལགས། སྨན་རྩིས་ཁང་གི་སྡེ་ཚན་ཁག་གི་འགན་འཛིན་དང་འབྲེལ་ཡོད་ལས་བྱེད་དང་སློབ་མ་བཅས་ལྷན་འཛོམས་ཐོག་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་ཞལ་འབྱེད་གྲུབ་བསྟུན་རྒྱལ་གཅེས་པ་འདས་སོན་ཕོ་མོ་ཡོངས་ཀྱི་ཆེད་མྱ་ངན་ངག་བཅད་སྐར་གཅིག་གནང་རྗེས། གཡུ་ཐོག་གསོལ་འདེབས་གསུང་འདོན་གྱི་རྟེན་འབྲེལ་གསོལ་ཇ་འབྲས་སིལ་ཕུལ།
དེ་ནས་སྨན་རྩིས་ཁང་གི་དཔྱད་བཅོས་བསྟི་གནས་ཁང་གི་འགན་འཛིན་གཞོན་པ་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་བོད་ཀྱི་གསོ་བ་རིག་པའི་གཞུང་ནས་ལག་ལེན་ཐོག་འཇམ་དཔྱད་ངོ་སྤྲོད་གསུང་བཤད་གནང་རྗེས། སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་མཆོག་གིས་འཇམ་དཔྱད་སློབ་མ་ཁག་གཅིག་ལ་ཕྱག་འཁྱེར་གནང་གྲུབ་མཚམས་དབུ་འབྱེད་མཛད་སྒོའི་གསུང་བཤད་གནང་དོན། སྨན་རྩིས་ཁང་དུ་འཇམ་དཔྱད་ཁང་ཞིག་ཡོད་པའི་ཐོག་འདིར་ཡན་ལག་ཁང་དུ་འཇམ་དཔྱད་ཁང་ཞིག་གསར་འཛུགས་གནང་བར་ལས་དོན་ལམ་ལྷོང་དང་མི་མང་ལ་ཕན་ཐོགས་ཆེན་པོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ང་རང་གཞིས་ཆགས་སུ་ལས་དོན་སྤེལ་སྐབས་དང་ཕྱི་རྒྱལ་མི་སྣ་མང་པོ་ཐུག་པའི་ནང་ང་ཚོའི་གསོ་བ་རིག་པའི་ཐོག་ནས་མི་མང་གི་འཕྲོད་བསྟེན་ལ་ཕན་ཐོགས་ཆེན་པོ་ཞིག་ཡིན་པ་དང་། ང་ཚོ་འཕྲོད་བསྟེན་ལས་ཁུངས་ནས་བོད་ཀྱི་གསོ་བ་རིག་པ་དང་ཕྱི་ལུགས་གཉིས་ཟུང་འབྲེལ་ཐོག་ནས་མང་ཚོགས་ལ་ཞབས་ཞུ་གང་ལེགས་ཞུ་བཞིན་ཡོད།
བོད་ཀྱི་སྨན་རྩིས་ཁང་གི་རྒྱ་བལ་ནང་ཡན་ལག་སྨན་ཁང་ལྔ་བཅུ་ལྷག་ཙམ་བཙུགས་ཡོད་པ་དེ་དག་གིས་མི་མང་ལ་ཞབས་ཕྱི་ཞུ་བཞིན་ཡོད་པར་ང་ཚོ་བོད་མིའི་སྒྲིག་འཛུགས་དང་འཕྲོད་བསྟེན་ལས་ཁུངས་ནས་བསྔགས་བརྗོད་ཞུ་གི་ཡོད། དེ་བཞིན་བཀའ་ཤག་སྐབས་བཅུ་བཞི་པའི་ངོས་ནས་ལྟ་གྲུབ་གསུམ་ཆིག་སྒྲིལ། གསར་གཏོད། རང་ཁང་རང་གསོ་གསུང་པ་བཞིན་སྨན་རྩིས་ཁང་ནས་ཆ་ཚང་བ་དོན་སྙིང་ལྡན་པ་ཞིག་གནང་བཞིན་ཡོད་པ་མ་ཟད། དེ་རིང་འདིར་བསྐྱར་དུ་གསར་གཏོད་ཀྱི་རྣམ་པའི་ཐོག་ནས་ལས་གཞི་གསར་པ་ཞིག་རྡ་ས་ཡན་ལག་སྨན་ཁང་དུ་སྒོ་འབྱེད་གནང་བ་འདིར་མང་ཚོགས་ལ་ཏན་ཏན་ཕན་འབྲས་ཆེན་པོ་དང་མུ་མཐུད་ལྟ་གྲུབ་གསུམ་ཐོག་ལས་དོན་གནང་སྐྱོང་ཡོང་བ་དང་འཇམ་དཔྱད་ལས་དོན་ཡག་པོ་ཡོང་བའི་སྨོན་འདུན་ཞུ་གི་ཡོད། ཅེས་གསུང་བཤད་གནང་སྒྲུབ་བསྟུན་སྨན་པ་པ་བཟང་ཚེ་རིང་ལགས་ཀྱིས་ཐུགས་ཆེ་ཞུས་ཏེ་སྨན་ཁང་གི་དཔྱད་བཅོས་བསྟི་གནས་ཁང་གི་དར་སྣེ་གཅོད་བྲེག་དང་ལྟ་སྐོར་གནང་ཟིན་གྲུབ་མཚམས་དབུ་འབྱེད་མཛད་སྒོ་གྲོལ། བོད་ཀྱི་གསོ་རིག་སྨན་དཔྱད་གཞུང་གི་བསྐུ་མཉེ་ནད་བཅོས་དང་། དུགས་ཀྱི་ནད་བཅོས། ཆུ་ལུམས་ནད་བཅོས་བཅས་ཀྱི་ཆ་རྐྱེན་ཆ་ཚང་ཞིག་སྐྲུན་འདུག་པ་བཅས།།