༢༠༡༣ ཟླ་ ༧ ཚེས་ ༡༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༦ ཉིན་གྱི་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་རྒྱ་གར་བྱང་ཕྱོགས་བྷི་ཧཱར་མངའ་སྡེའི་ནང་རྟེན་གཞི་བྱས་པའི་གྲོང་ཁྱེར་བྷོ་དྷི་གྷ་ཡར་ཆགས་པའི་ནང་པ་སངས་རྒྱས་པའི་གནས་མཆོག་རྡོ་རྗེ་གདན་དུ་ཆེད་ཕེབས་གནང་འདུག དེ་ཡང་གོང་ཚེས་ཉིན་སྲིད་སྐྱོང་མཆོག་ཉེ་ཆར་ཕྱི་ཚེས་ ༧ ཉིན་ཁུལ་དེར་འབར་རྫས་གས་ཐོར་བྱུང་སའི་ས་ཚིགས་ཁག་ཏུ་ཕེབས་པ་དང་ཆབས་ཅིག བྱང་ཆུབ་མཆོད་རྟེན་ཆེན་མོའི་ (Mahabodhi Temple) ནང་འབྱུང་འགྱུར་དེ་ལྟར་མ་ཡོང་ཆེད་སྨོན་ལམ་བསྐྱོན་ཡོད།
སྐབས་དེར་སྲིད་སྐྱོང་མཆོག་གིས་གསུང་དོན། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཀྱི་གོ་འཕང་ཐོབ་སའི་གནས་མཆོག་རྡོ་རྗེ་གདན་དུ་བསམ་ཡུལ་ལས་འདས་པའི་དོན་རྐྱེན་འདི་ལྟ་བུ་བྱུང་བར་ང་རང་ཧ་ཅང་སེམས་འཚབ་བྱུང། འཛམ་གླིང་གི་ས་ཕྱོགས་གང་སར་ཡོད་པའི་ནང་པ་ཡོངས་ནས་མུ་མཐུད་གནས་མཆོག་རྡོ་རྗེ་གདན་དུ་གནས་མཇལ་དུ་ཕེབས་ནས་འདི་ལྟ་བུའི་འཇིགས་སྐུལ་གྱི་བྱ་སྤྱོད་རིགས་སླར་ཡང་མི་ཡོང་བའི་སྨོན་ལམ་བརྒྱབ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས་ཡོད།
གཞན་ཡང་སྲིད་སྐྱོང་མཆོག་པ་ཊི་ནའི་སྨན་ཁང་(Patna Medical College)དུ་ཉེ་ཆར་གོད་ཆག་དེའི་འོག་རྨས་སྐྱོན་ཕོག་པའི་རྙིང་མ་དགོན་པའི་དགེ་འདུན་པ་དང་འབར་མའི་དགེ་འདུན་པ་ཞིག་ཡོད་པ་བཅས་ཁོང་རྣམ་གཉིས་ཐུག་འཕྲད་ཀྱིས་ཁོང་གཉིས་གང་མྱུར་དྲག་སྐྱེད་ཡོང་བའི་སྨོན་འདུན་གནང་བ་དང་ཆབས་ཅིག སྨན་ཁང་གི་སྨན་པ་ཚོར་ཐུགས་རྗེ་ཆེ་ཞུས་ཡོད། ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་བྷོ་དྷི་གྷ་ཡ་མཆོད་རྟེན་འཛིན་སྐྱོང་ལྷན་ཚོགས་(Bodhgaya Temple Management Committee) ལ་བོད་མི་ཡོངས་ཀྱི་ངོས་ནས་དོན་རྐྱེན་དེར་གདུང་སེམས་མཉམ་སྐྱེ་མཚོན་སླད་ཧིན་སྒོར་འབུམ་གཅིག་ཞལ་འདེབས་གནང་འདུག་པ་མ་ཟད།
སྲིད་སྐྱོང་མཆོག་གིས་གསར་འགོད་པ་ཁག་གཅིག་ཐུག་འཕྲད་སྐབས། ནང་པ་ཚོར་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་ཉམས་སུ་བླང་སྟེ་ཞི་བདེ་ལྷིང་འཇགས་ངང་གནས་དགོས་པའི་འབོད་སྐུལ་ཞུས་པ་དང་ཆབས་ཅིག རྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་ནས་བྱང་ཆུབ་མཆོད་རྟེན་ཆེན་མོར་བདེ་འཇགས་ཀྱི་མཐུན་རྐྱེན་བསྐྲུན་པར་ཐུགས་རྗེ་ཆེ་ཞུས་འདུག སྲིད་སྐྱོང་མཆོག་ཆུ་ཚོད་གསུམ་རིང་ཁུལ་དེར་གཟིགས་སྐོར་སྐབས་མཆོད་རྟེན་འཛིན་སྐྱོང་ལྷན་ཚོགས་དང་གཞུང་འབྲེལ་དཔོན་རིགས་ཁག་གཅིག་ཀྱང་ལྷན་བཅར་ཞུས་ཡོད། ཐེངས་འདིའི་གཞུང་འབྲེལ་འཚམས་གཟིགས་གྲ་སྒྲིག་གནང་མཁན་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་འབྲེལ་མཐུད་པ་སྐུ་ཞབས་ངག་དབང་ཆོས་འཕེལ་ལགས་དང་ས་གནས་ཀྱི་ནང་པའི་དགོན་སྡེ་ཁག་ཡིན་འདུག