༢༠༡༣ ཟླ་ ༧ ཚེས་ ༡༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཉིན་འདིའི་སྔ་དྲོ་སྦེལ་ཀོབ་ལུགས་བསམ་བསམ་གྲུབ་གླིང་གཞིས་ཆགས་ཀྱི་མཉམ་འབྲེལ་ཚོགས་ཁང་ཆེན་མོ་དབུ་འབྱེད་དང་རབ་གནས་བཀའ་དྲིན་ཆེ་བ་མཛད་པ་དང་སྦྲགས་ཚོགས་ཁང་གསར་པ་དེའི་ནང་གོ་སྒྲིག་ཞུས་ཡོད་པའི་སྦེལ་ཀོབ་གཞིས་ཆགས་གསར་རྙིང་གཉིས་ནང་གི་རང་ལོ་དྲུག་ཅུ་བརྒལ་བའི་བགྲེས་སོང་ཆིག་སྟོང་བརྒལ་བ་ཞལ་མཇལ་བཀའ་སློབ་ཞུ་བར་བཅར་ཡོད་པ་རྣམས་ལ་ཐོག་མར་༸གོང་ས་མཆོག་གིས་རང་ལོ་ག་ཚོད་ཡིན་མིན་སོགས་ཀྱི་བཀའ་རྩད་ཕེབ་པ་དང་སྦྲགས་གཞིས་ཆགས་ཐོག་མར་འཛུགས་སྐབས་དཀའ་ངལ་སྐྱོན་མཁན་གྱི་བགྲེས་སོང་ཁྱེད་རྣམས་ཀྱི་མི་ཚེ་དོན་དང་ལྡན་པ་ཞིག་བྱུང་
ཡོད་སྐོར་གྱི་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་བ་མ་ཟད་ཁོང་རྣམ་པར་ཐུབ་པའི་དབང་པོ་མཆོག་དང་། གུ་རུ་རིན་པོ་ཆེའི་གཟུངས་སྔགས། གཞན་ཡང་དམིགས་རྩེ་མ་སོགས་ཀྱི་ལྗགས་ལུང་སྩལ་ཡོད།
དེ་ཡང་སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་ཕེབ་དོན། ཁྱེད་རང་ཚོ་འདི་དག་གི་མི་ཚེ་གང་ཙམ་རྫོགས་འགྲོ་གི་ཡོད་ཀྱང་སེམས་ཁྲལ་སོགས་རྩ་བ་ནས་མ་བྱེད། ད་བར་དུ་བོད་སྤྱི་པའི་དོན་དུ་དཀའ་ངལ་ཁྱད་གསད་ཐོག་གཞིས་ཆགས་འདི་འཛུགས་སྐྲུན་བྱས་པ་རེད། གཞིས་ཆགས་འདི་བོད་སྤྱི་པའི་དོན་དང་སངས་རྒྱས་བསྟན་པ་དང་འབྲེལ་བ་ཡོད་པ་རེད། སངས་རྒྱས་པའི་བསྟན་པ་ནི་སེམས་ཅན་ཐམས་ཅད་ཀྱི་བདེ་དོན་དང་འབྲེལ་བ་ཡོད། དེར་བརྟེན་ཁྱེད་ཚོའི་མི་ཚེ་དོན་དང་ལྡན་པ་ཞིག་བྱུང་ཡོད། ད་ཆ་རྗེས་སུ་ཡི་རང་བྱས་པ་དང་ཆབས་ཅིག་ད་བར་རང་ཉིད་ཀྱི་དགེ་རྩ་བསགས་ཡོད་པ་དེ་དག དཔེར་ན། དཔེ་ཆ་བལྟས་སྒོམ་བརྒྱབ་པ་སོགས་དེ་ཙམ་བྱུང་མེད་ཀྱང་། རང་གིས་ལུས་པོས་དཀའ་ངལ་བརྒྱབ་སྟེ་བོད་བསྟན་སྲིད་ཀྱི་ཞབས་འདེགས་ཤིག་སྒྲུབ་ཡོད་པའི་བསོད་ནམས་བསགས་ཡོད་པ་དེའི་མཐུ་ལ་བརྟེན་ནས་ཚེ་རབས་ནས་ཚེ་རབས་མི་ལུས་ཐོབ་ཐུབ་རྒྱུ་དང་མི་ལུས་ཀྱི་ནང་ནས་ཀྱང་བོད་པའི་མི་རིགས་ཤིག་ཐོབ་རྒྱུའི་སྨོན་ལམ་རྒྱོབ་དང་སྨོན་ལམ་དེ་བསྒྲུབ་ཀྱི་རེད།
ངོས་ཀྱིས་ཀྱང་སྨོན་ལམ་བརྒྱབ་ཆོག དེ་དང་ཆབས་ཅིག་མ་ཎི་དང་ཐུབ་པའི་མཚན་སྔགས། བཛྲ་གུ་རུ། དམིགས་རྩེ་མ། སྒྲོལ་མའི་གཟུངས་སྔགས། དེ་དག་ཡག་པོ་འདྲེན་ནས་བློ་བདེ་པོོ་བྱས་སྡོད། ཅེས་བཀའ་སློབ་ཕེབས་རྗེས་ཐུབ་པའི་མཚན་སྔགས་སོགས་ཀྱི་ལྗགས་ལུང་བཀའ་དྲིན་ཆེ་བ་སྩལ། དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྦེལ་ཀོབ་ལུགས་བསམ་གཞིས་གྲོང་དང་པོའི་བྱང་ཆུབ་མཆོད་རྟེན་ལ་རབ་གནས་བཀའ་དྲིན་བསྐྱངས་རྗེས་སྔ་འགྱུར་རྙིང་མའི་གདན་ས་སྨིན་གྲོལ་གླིང་དུ་ཆིབས་ཞལ་བསྒྱུར། དགོན་དེའི་གཙུག་ལག་ཁང་དུ་ཕེབས་བསུའི་མཛད་སྒོ་ཚོགས་ཡོད་པར་དགོན་དེའི་གྲྭ་བཙུན་གྲངས་ ༣༠༠༠ ལ་ཉེ་བ་བཅར་ཡོད་པ་ཁོང་རྣམས་ལ་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་ཕེབས་པའི་ནང་། དགོན་འདིའི་བསྟན་བདག་སྔ་འགྱུར་རྙིང་མའི་ཁྲི་འཛིན་ཟུར་པ་ཞིང་གཤེགས་གྲུབ་དབང་པད་ནོར་རིན་པོ་ཆེ་མཆོག་གི་ཐུགས་སྐྱེད་མཛད་འཕྲིན་ལ་ཡི་རང་དང་རྗེས་དྲན་མཛད་པ་མ་ཟད།
དགོན་འདིའི་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་སློབ་གཉེར་གནང་ཕྱོགས་ལ་བསྔགས་བརྗོད་མཛད། དེ་ཡང་སངས་རྒྱས་ཀྱི་བསྟན་པ་ནི་ལུང་རྟོགས་ཀྱི་བསྟན་པར་ཐུག་ཡོད་པ་ལྟར། ཐོས་བསམ་སྒོམ་གསུམ་གནང་བའི་ཐོག་ནས་རང་རྒྱུད་ལ་ལུང་རྟོགས་གཉིས་ཀྱི་ཡོན་ཏན་གྱི་ཕྱུག་པ་ཞིག་བྱེད་རྒྱུ་དང་། ལུང་རྟོགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱ་གལ་ཆེ་བས་དེའི་ཐད་ཚང་མས་ཧུར་སྐྱེད་གནང་དགོས། བོད་ཀྱི་སངས་རྒྱས་བསྟན་པ་དང་སྐད་ཡིག་དེ་བོད་ཀྱི་ཆབ་སྲིད་དང་འབྲེལ་བ་ཆགས་ཡོད་པ་མ་ཟད། བོད་མི་རིགས་ཀྱི་བླ་སྲོག་དེ་ཡང་སངས་རྒྱས་ཀྱི་བསྟན་པ་དང་བོད་ཀྱི་སྐད་ཡིག་གིས་བཟུང་ཡོད། ལྷག་དོན་བོད་མི་རིགས་ཀྱི་སེམས་ནང་བོད་ཀྱི་སངས་རྒྱས་བསྟན་པར་སེམས་ཐག་ཉེ་པོ་བྱས་ཏེ། གནས་པ་དེ་སྲིད་དུ་བོད་མི་རིགས་ཀྱི་སྙིང་སྟོབས་དང་སྤོབས་པ་གནས་ངེས་ཡིན་པ་སོགས་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་དང་སྐད་ཡིག་སྐོར་ལ་བཀའ་སློབ་ཟབ་རྒྱས་ཕེབས་ཡོད་པ་མ་ཟད། གྲྭ་རྒྱུན་ཁོངས་སུ་ཧི་མ་ལ་ཡའི་ཁུལ་ནས་ཡིན་པ་རྣམས་ལ་བཀའ་སློབ་ཕེབས་དོན། འདི་གའི་གྲྭ་རྒྱུན་ནང་འབྲུག་སོགས་ཧི་མ་ལ་ཡའི་རི་རྒྱུད་ནས་མང་པོ་ཞིག་ཡོད་པ་རེད།
རི་རྒྱུད་འདི་དག་ཏུ་སངས་རྒྱས་པའི་བསྟན་པ་དེ་བོད་ནས་མཆེད་པ་གསལ་པོ་ཞེ་དྲག་རེད། སྐད་ཡིག་ལ་ཆ་བཞག་ན་བོད་ཡིག་གཅིག་པ་རེད། ཐ་སྙད་མི་འདྲ་བ་བྷོ་ཊི་ཡ་དང་རྫོང་ཁ་ཟེར་རྒྱུ་སོགས་མི་འདྲ་བ་བཏགས་ཡོད་ཀྱང་། གང་ལྟར་བཀའ་འགྱུར་བསྟན་འགྱུར་གྱི་ཡི་གེ་གཅིག་འགྱུར་ཆགས་ཡོད། དེ་འདྲ་ཡིན་པར་སོང་ཧི་མ་ལ་ཡའི་རི་རྒྱུད་དེ་དག་གིས་སངས་རྒྱས་པའི་བསྟན་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་སྤེལ་ཡོང་རྒྱུར་ཁྱེད་ཚོ་དང་ཐད་ཀར་འབྲེལ་བ་ཆགས་ཡོད། དེར་བརྟེན་ཁྱེད་ཚོ་ཚང་མས་ཐུགས་སྐྱེད་གནང་དགོས། ཞེས་བཀའ་སློབ་ཕེབས་ཡོད། ཉིན་དེར་རྣམ་གྲོལ་གླིང་དགོན་དུ་དགེ་འདུན་པ་ཉི་ཤུ་ཙམ་ལ་བསྙེན་རྫོགས་བསྒྲུབ་གནང་གིས་དགོན་དེར་བཞུགས་ཞག་ཀྱང་མཛད་ཡོད་པ་བཅས།།