༢༠༡༣ ཟླ་ ༧ ཚེས་༡༠ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་མ་སུ་རི་གཏན་སློབ་དང་བོད་ཁྱིམ་སློབ་གྲྭ་གཉིས་སུ་གཟིགས་སྐོར་དང་སློབ་ཕྲུག་རྣམས་ལ་ལམ་སྟོན་གསུང་བཤད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་མ་སུ་རི་བོད་ཁྱིམ་སློབ་གྲྭའི་ཚེ་རིང་སྒྲོལ་མ་དྲན་རྟེན་ཚོགས་ཁང་ནང་མ་སུ་རི་བོད་ཁྱིམ་དང་གཏན་སློབ་ཀྱི་འཛིན་རིམ་དྲུག་པ་ཡན་གྱི་སློབ་མ་རྣམས་དང། དགེ་ལས། མི་མང་བཅས་ཁྱོན་མི་གྲངས་ ༡༠༠༠ བརྒལ་བ་ལྷན་འཛོམས་བྱུང་ཡོད་པ་རྣམས་ལ་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། དེ་རིང་ང་རང་མ་སུ་རིར་སླེབས་ནས་ཁྱེད་རང་ཚོ་དང་ཐུག་རྒྱུ་བྱུང་བ་རེད། ཐོག་མར་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། སྤྱིར་བཏང་ང་ཚོ་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་མི་ལོ་ ༥༠ ལྷག་འགྲོ་གི་ཡོད། དེའི་རིང་བོད་པའི་སློབ་ཕྲུག་ཁོངས་ནས་བརྒྱ་ཆ་ ༩༥ ཡན་ལོན་ཐུབ་པ་འདི་ལོ་ཐོག་མ་ཆགས་ཡོད།
དེར་བརྟེན་ངས་མ་སུ་རི་བོད་ཁྱིམ་གྱི་དགེ་ལས་ཡོངས་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན། གང་ལྟར་སློབ་ཕྲུག་ཚོས་སློབ་སྦྱོང་ཡག་པོ་བྱས་ཏེ་མ་འོངས་པར་བརྒྱ་ཆ་ ༩༥ ཡན་ལོན་རྒྱུར་འབད་བརྩོན་བྱེད་དགོས། ལྷག་པར་སློབ་ཕྲུག་རང་ཉིད་ཀྱི་ངོས་ནས་བརྒྱ་ཆ་མཐོ་པོ་ལེན་རྒྱུར་གདེང་ཚོད་དང་སྤོབས་པ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། འདི་ལོ་མ་སུ་རི་བོད་ཁྱིམ་གྱི་འཛིན་རིམ་བཅུ་གཉིས་ཀྱིས་བརྒྱ་ཆ་ཧ་ཅང་ཡག་པོ་བླངས་ཡོད་སྟབས། ཚང་མས་མིག་དཔེ་ལྟ་དགོས་པ་ཞིག་ཆགས་ཡོད། དེ་བཞིན་སྤྱི་ཚོགས་སྤྱི་ཡོངས་ནང་རེ་བ་ཡིན་ནའང་ཆེ་རུ་ཕྱིན་ཡོད།
དེར་བརྟེན་འགན་འཛིན་གྱིས་གཙོས་དགེ་ལས་སློབ་ཕྲུག་ཡོངས་ལ་འགན་ཆགས་ཡོད། ན་ནིང་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ནང་བརྒྱ་ཆ་ ༩༠ ལོན་མཁན་སློབ་ཕྲུག་བཞི་བྱུང་ཡོད། འདི་ལོ་བརྒྱ་ཆ་ ༩༠ ལོན་མཁན་སློབ་ཕྲུག་ ༡༣ བྱུང་ཡོད། བརྒྱ་ཆའི་ཆ་ནས་ཉིས་བརྒྱ་ལྷག་འཕར་ཡོད། ན་ནིང་སློབ་ཕྲུག་བརྒྱ་ཆ་ ༧༠ ནས་ ༧༥ ལོན་མཁན་སློབ་ཕྲུག་ ༢༤༢ བྱུང་ཡོད། འདི་ལོ་སློབ་མ་ ༣༤༥ ནས་བརྒྱ་ཆ་ ༧༠ ནས་ ༧༥ བླངས་ཡོད། ལོ་གཅིག་གི་ནང་དེ་ལྟར་འགྱུར་བ་ཕྱིན་ཡོད། མདོར་ན། སློབ་ཕྲུག་ཁྱེད་རང་ཚོས་དུས་དང་རྣམ་པ་ཀུན་ཏུ་སོ་སོ་རང་ཉིད་ཀྱི་སྤོབས་པ་ཡོད་པའི་ཐོག་ཤུགས་བརྒྱབ་སྟེ་སློབ་སྦྱོང་ལ་འབད་བརྩོན་བྱས་ན་མ་སྒྲུབ་པ་མེད། སློབ་ཕྲུག་རྣམས་ནས་སེམས་ཤུགས་མ་ཆག་པའི་ཐོག་སློབ་སྦྱོང་བྱེད་དགོས། དེ་བཞིན་སློབ་སྦྱོང་གི་དུས་ཚོད་འཕྲོ་བརླག་རྩ་བ་ནས་གཏོང་རྒྱུ་མེད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
ཉིན་དེའི་ཕྱེད་ཡོལ་སྲིད་སྐྱོང་མཆོག་གིས་མ་སུ་རི་གཏན་སློབ་ཀྱི་དགེ་ལས་སློབ་ཕྲུག་རྣམས་ལ་ལམ་སྟོན་གསུང་བཤད་གནང་ཡོད་པ་མ་ཟད། ཕྱི་དྲོ་མ་སུ་བོད་ཁྱིམ་གྱི་ཚོགས་ཁང་ནང་སྲིད་སྐྱོང་མཆོག་དབུ་བཞུགས་ཐོག་སློབ་ཕྲུག་རྣམས་ཀྱིས་བོད་པའི་སློབ་གྲྭའི་ནང་བོད་ཡིག་རྐྱང་པའི་སྟེང་སློབ་ཁྲིད་བྱས་ན་མཐོ་རིམ་རིགས་གཅིག་རྐང་འཛིན་ལ་གནོད་སྐྱོན་འགྲོ་ངེས་རེད། ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་ཡོད་པ་བཅས།།