༢༠༡༣ ཟླ་ ༧ ཚེས་ ༡༠ རེས་གཟའ་ལྷག་པ།
༄༅། །རཀ་ར་རིན་པོ་ཆེ་མཆོག་ནི་ཆུ་གླང་ཕྱི་ལོ་ ༡༩༢༥ ལོར་མདོ་ཁམས་སྡེ་དགེར་སྐུ་འཁྲུངས། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་མདོ་ཁམས་ཚ་བ་དཔའ་ཤོད་ཀྱི་རཀ་ར་སྤྲུལ་སྐུར་ངོས་འཛིན་གྱི་ཕྱག་རྟགས་ཐེངས་གཉིས་སྩལ་ཡོད། ཕྱི་ལོ་ ༡༩༣༢ ལོར་༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་སྐུ་མདུན་ནས་རབ་བྱུང་གི་སྡོམ་པ་ཞུས་ཡོད་པའི་མཚན་ལ་ཐུབ་བསྟན་ཆོས་དར་ཞེས་སྩལ། ཕྱི་ལོ་ ༡༩༣༥ ལོར་དཔལ་ལྡན་འབྲས་སྤུངས་སུ་ཆོས་ཞུགས་གནང་སྟེ་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་གནང་སྟེ་ཕྱི་ལོ་ ༡༩༤༥ ལོར་དགེ་བཤེས་ལྷ་རམས་པ་ཨ་དང་པོའི་བྱ་དགའ་ལེགས་པར་ཐོབ་ཡོད།
དེ་རྗེས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ལོ་བདུན་རིང་གསན་བསམ་དང་སྔགས་ཀྱི་དམ་བཅའ་འཇོག་གནང་ཡོད་པ་མ་ཟད་དགེ་བསྐོས་ཀྱང་གནང་ཡོད། དེ་མིན་མཁས་པའི་དབང་པོ་མང་དག་ཅིག་གི་དྲུང་ནས་མདོ་སྔགས་ཀྱི་དབང་ལུང་མང་དག་ལ་སློབ་གཉེར་གནང་ཡོད་ལ་གཞན་ཡང་ཨ་མདོ་དགེ་འདུན་ཆོས་འཕེལ་མཆོག་གི་དྲུང་ནས་སྙན་སུམ་སོགས་རིག་པའི་གནས་ལྔར་སློབ་གཉེར་རྒྱ་ཆེ་གནང་ཡོད། ཕྱི་ལོ་ ༡༩༥༠ ཟླ་ ༩ ནང་འཕགས་ཡུལ་རྒྱ་གར་དུ་གནས་གཟིགས་དང་སློབ་གཉེར་ཆེད་ཕེབས་སྐབས་ཀ་སྦུག་ཏུ་རུ་སུའི་མཁས་པ་ཇོར་ཇི་རོ་རིག་མདུན་ནས་སམ་ཀྲྀ་ཊའི་སྐད་ཡིག་སློབ་གཉེར་གནང་བ་མ་ཟད། དེ་རྗེས་ཀ་ལི་ཀ་ཏར་ཤན་ཏི་ནི་ག་ཏན་དུ་ལོ་གཉིས་རིང་སློབ་གཉེར་དང་དེ་ནས་པུ་ནར་ལོ་གཅིག་རིང་སློབ་གཉེར་གནང་།
ཕྱི་ལོ་ ༡༩༥༧ ནས་ ༥༩ བར་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་གཞུང་གི་རླུང་འཕྲིན་ཁང་དུ་ཕྱག་ལས་གནང་། ༡༩༥༨ ནས་ ༦༠ བར་ལྡི་ལི་གཙུག་ལག་ཁང་སློབ་གཉེར་ཁང་དུ་སམ་ཀྲྀ་ཊའི་དགེ་རྒན་གཞོན་པ་གནང་། ཕྱི་ལོ་ ༡༩༦༠ ལོར་སུད་སིར་ཕེབས་ཏེ་བོད་ཁྱིམ་ཡུམ་བུ་བླ་སྒར་གྱི་བོད་མི་སྐྱབས་བཅོལ་བའི་ཕྲུ་གུ་ ༢༠ ཙམ་ཡོད་པ་རྣམས་ཀྱི་ཕ་ཚབ་དང་དགེ་རྒན་གཅིག་ལྕོགས་གནང་སྟེ་རང་གཞུང་གི་བཀའ་འབྲེལ་བཞིན་ཕྱག་ལས་གནང་སྟེ་ཕྱི་ལོ་ ༡༩༨༧ ལོར་བགྲེས་ཡོལ་དུ་ཕེབས་ཡོད། མཐར་ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༠ ཉིན་དགུང་གྲངས་ ༨༧ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག མཁས་དབང་དམ་པ་ཁོང་ནི་བཙན་བྱོལ་ནང་བོད་ཀྱི་རིག་གཞུང་ཐོག་ཕྱག་རྗེས་ཤིན་ཏུ་ཆེན་པོ་འཇོག་གནང་མཁན་རླབས་ཆེན་གྱི་མཁས་དབང་ཞིག་ཡིན། ཁོང་གིས་བོད་ཀྱི་དཔེ་མཛོད་ཁང་དང་ས་རཱ་མཐོ་སློབ་ཁང་། ནོར་གླིང་མཐོ་སློབ་སོགས་ནང་སློབ་ཁྲིད་གནང་མྱོང་ཡོད།
དེ་བཞིན་རྩོམ་སྒྲིག་པ་དང་ཉམས་ཞིབ་པ། གཞོན་སྐྱེས་རྩོམ་པོ་མང་པོ་ཞིག་ལ་དམ་པ་ཁོང་གིས་ལམ་སྟོན་དང་འབྲེལ་བ་དམ་ཟབ་གནང་མྱོང་ཡོད་ལ་དམིགས་བསལ་བོད་ཕྲུག་ཚོའི་ཆེད་རྩོམ་ཡིག་མང་དག་ཅིག་སྤེལ་ཡོད་པ་མ་ཟད། བཙན་བྱོལ་སྤྱི་ཚོགས་ནང་དམའ་འབྲིང་མཐོ་གསུམ་ཚང་མའི་གནས་ཚད་དང་ལྡན་པའི་དེབ་རིག་གསར་རྩོམ་མང་ཤོས་གནང་མཁན་གྱི་གྲས་ཤིག་ཀྱང་ཡིན་པས། དམ་པ་ཁོང་གི་བྱས་རྗེས་ང་ཚོས་དུས་ནམ་ཡང་དངོས་སུ་མཇལ་རྒྱུ་ཡོད་པ་བཅས།།