༢༠༡༣ ཟླ་ ༧ ཚེས་ ༡༠ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༠ ཉིན་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་དང་བོད་ཀྱི་དཔེ་མཛོད་ཁང་གཉིས་ཟུང་འབྲེལ་ཐོག་གོ་སྒྲིག་གནང་སྟེ་བོད་ཀྱི་དཔེ་མཛོད་ཚོགས་ཁང་གི་ཚོགས་ཁང་དུ་མཁས་དབང་རཀ་ར་རིན་པོ་ཆེ་སྐུ་གཤེགས་ཏེ་ལོ་ངོ་གཅིག་འཁོར་བའི་རྗེས་དྲན་ལྷན་ཚོགས་སྲུང་བརྩི་ཞུས་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་བཀྲིས་ཚེ་རིང་ལགས་དང་བོད་མི་མང་སྤྱི་འཐུས་དང་ས་རཱ་མཐོ་སློབ་ཀྱི་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས། ཤེས་རིག་རྩོམ་སྒྲིག་སྡེ་ཚན་གྱི་འགན་འཛིན་ཀརྨ་སྨོན་ལམ་ལགས། གཞོན་སྐྱེས་ཉམས་ཞིབ་པ་ཆུང་ཚེ་རིང་ལགས་བཅས་གཏམ་བཤད་གནང་མཁན་བཞི་དབུ་བཞུགས་ཐོག་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཁག་གཅིག་དང་། བཀའ་ཟུར་བཀྲས་མཐོང་བསྟན་འཛིན་དགེ་བྱེད་ལགས་ཀྱི་གཙོས་གནད་ཡོད་མི་སྣ་དང་ཚོགས་སྡེ་ཁག་གི་ཉམས་ཞིབ་པ་དང་ཤེས་ཡོན་ལ་དོ་སྣང་ཡོད་མཁན་ཁག་གཅིག གསར་འགོད་པ་བཅས་ཁྱོན་མི་གྲངས་ ༧༠ བརྒལ་བ་ལྷན་འཛོམས་ཀྱི་ཐོག་མར་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་དགེ་བྱེད་མཆོག་གིས་སྣང་གསལ་ཞལ་ཕྱེ་གྲུབ་བསྟུན་ཚང་མ་སྐུ་བཞེངས་ཐོག་དམ་པ་ཁོང་ལ་མྱ་ངན་རྗེས་དྲན་གུས་འདུད་སྐར་མ་གཅིག་གནང་།
དེ་ནས་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་བཀྲིས་ཚེ་རིང་ལགས་ཀྱིས་མདོ་སྔགས་རིག་གནས་སྒྱུ་རྩལ་དང་བཅས་པར་མཁས་པའི་དབང་པོའི་ཡང་རྩེ་རཀ་ར་རིན་པོ་ཆེའི་རྗེས་དྲན་ཞུ་བ། ཞེས་པའི་བརྗོད་གཞི་དང་འབྲེལ་བའི་རིན་པོ་ཆེའི་སྐུ་ཚེའི་ལོ་རྒྱུས་གནད་བསྡུས་ངོ་སྤྲོད་གནང་། དེ་རྗེས་ཤེས་རིག་རྩོམ་སྒྲིག་འགན་འཛིན་ཀརྨ་སྨོན་ལམ་ལགས་ཀྱིས། རྗེས་དྲན་གྱི་མེ་ཏོག་ཅེས་པའི་བརྗོད་གཞིའི་ཐོག་རྒྱུན་གཏན་ནས་རིན་པོ་ཆེ་མཆོག་དང་ཕན་ཚུན་རྩོམ་རིག་དང་འབྲེལ་བའི་ཐུགས་སྣང་ཉེ་པོའི་ཐོག་གཞོན་སྐྱེས་ཚོའི་ལྟ་ཀློག་བྱེད་རྒྱུའི་རྩོམ་ཡིག་དང་དེ་མིན་རྩོམ་ཡིག་ཁག་གཅིག་གནང་སོན་བྱུང་བ་དང་། རིན་པོ་ཆེ་ཁོང་གི་སྐུ་ཆེའི་རིང་གི་རིག་གནས་བྱ་གཞག་ཁག་ངོ་སྤྲོད་གནང་། དེ་ནས་བོད་མི་མང་སྤྱི་འཐུས་དང་ས་རྰ་མཐོ་སློབ་ཀྱི་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས་ཀྱིས་རཀ་ར་རིན་པོ་ཆེའི་རིག་གནས་དཔེ་ཁྲིད་སྐབས་དགོངས་པ་གུ་ཡངས་དང་ལེགས་སྦྱར་གྱི་ཡི་གེར་མཁྱེན་རྒྱ་ཆེ་བ། དཔེ་ཁྲིད་གནད་འགག་ཞིབ་འགྲེལ་ཆེ་བ་སོགས་ཀྱི་ཁྱད་ཆོས་ཆེན་པོ་ཡོད་སྐོར་གྱི་དངོས་མྱོང་གསུང་བཤད་གནང་། དེ་རྗེས་ན་གཞོན་རྩོམ་པ་པོ་ཆུང་ཚེ་རིང་ལགས་ཀྱིས། རཀ་ར་རིན་པོ་ཆེར་ན་གཞོན་རྩོམ་པ་པོ་ཞིག་གི་ལྟ་ཚུལ། ཞེས་པའི་བརྗོད་གཞིའི་ཐོག་ཁོང་ནི་བོད་ཀྱི་སྐད་ཡིག་རིག་གཞུང་ཐོག་མཁས་པ་བགྲེས་པའི་ནང་ནས་དགོང་འཆར་ལྷུག་པོ་གནང་མཁན་ཞིག་དང་བོད་ཀྱི་གནའ་རབས་རྩོམ་རིག་གི་ཉམས་དང་ཡང་ཁ་སྐད་ཐོག་འབྲི་སྟངས།
གཞུང་ཆེན་མོ་རྣམས་ལེགས་སྦྱར་མཐུན་པའི་ཐོག་དབྱེ་མཚམས་གསལ་པོ་ཕྱེ་མཁན་ཞིག་དང་གཞན་གྱི་རིག་གཞུང་བོད་བསྒྱུར་གནང་བ་ལས་བོད་ཀྱི་རིག་གནས་གཞན་གྱི་སྐད་ཡིག་ཐོག་ཕབ་སྒྱུར་གྱི་ཚོང་འབྲེལ་ལྟར་དཔལ་འབྱོར་བཟོ་གཞིར་རྩ་བ་ནས་གནང་མེད་པ་མ་ཟད། འཁྲུག་ཆ་དོད་པའི་སྤྱི་ཚོགས་ནང་སྐུ་ཚེ་ཧྲིལ་པོ་ཤེས་ཡོན་ཅན་ཞིག་ཏུ་བཞུགས་པ་ལས་ཆབ་སྲིད་གང་ལ་ཡང་ཐེག་གཏོགས་གནང་མེད་པ་བཅས་ན་གཞོན་རྩོམ་པ་པོ་ཞིག་ལྟ་ཚུལ་ངོ་སྤྲོད་གནང་རྗེས་བོད་ཀྱི་དཔེ་མཛོད་ཁང་གི་ཉམས་ཞིབ་དང་རྩོམ་སྒྲིག་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས་ཀྱི་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་རྗེས་དྲན་ལྷན་ཚོགས་གྲོལ། ད་ཐེངས་རྗེས་དྲན་ལྷན་ཚོགས་འདིར་ཞིང་གཤེགས་དམ་པ་རཀ་ར་རིན་པོ་ཆེ་མཆོག་གིས་རི་མོའི་བརྩམས་བྱ་ཁག་གཅིག་དང་། ལྗགས་རྩོམ་གནང་བའི་དཔེ་དེབ་ཁག་གཅིག དེ་བཞིན་པར་རིགས་ཁག་གཅིག་ཀྱང་འགྲེམས་སྟོན་གནང་འདུག་པ་བཅས།།