༢༠༡༣ ཟླ་ ༧ ཚེས་ ༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༥ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཨི་ཊ་ལིའི་རང་སྐྱོང་མངའ་ཁུལ་ཏུ་རིན་ TURINནང་མ་འོངས་བོད་ཀྱི་གནས་བབ་ཐོག་ལྟ་ཚུལ། (scenarios and perspectives for the future of Tibet) ཞེས་པའི་བརྗོད་གཞིའི་ཐོག་རྒྱལ་སྤྱིའི་ལྷན་ཚོགས་སུ་མཉམ་བཞུགས་གནང་སྟེ་གསུང་བཤད་གནང་ཡོད། ལྷན་ཚོགས་དེ་བཞིན་ཨི་ཊ་ལི་བོད་རིགས་ཚོགས་པ་དང་པ་ཡེ་མོན་ཊེ་ས་ཁུལ་གྱི་ས་གནས་བོད་དོན་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ Association for Tibet and Human Rights of the Regional Council of Piemonte གཉིས་ཟུང་འབྲེལ་ཐོག་གོ་སྒྲིག་ཞུས་འདུག དེ་ཡང་ལྷན་ཚོགས་སྐབས་པ་ཡེ་མོན་ཊེ་ས་ཁུལ་གྱི་ས་གནས་བོད་དོན་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཝ་ལེ་རིའོ་ཀ་ཊ་ནིའོ་ (Mr Valerio Cattaneo) ལགས་ཀྱིས་གསུང་དོན།
བོད་མི་ཚོར་དཀའ་ངལ་ཇི་ལྟར་འཕྲད་ཀྱང་སྙིང་སྟོབས་ནམ་ཡང་ཞུམ་མེད་ཐོག་རང་གི་འབོད་སྒྲ་དེ་འཛམ་གླིང་ཕྱི་ལ་སྒྲོག་བཞིན་པ་ལྟར། ཨི་ཊ་ལིའི་ནང་དུའང་བོད་མི་ཚོས་རང་གི་འབོད་སྒྲ་རྣམས་ཕྱིར་བསྒྲགས་ཡོང་ཆེད་ཚོགས་འདུ་དང་འགྲེམས་སྟོན་སོགས་ནང་མཉམ་ཞུགས་ཀྱིས་བོད་མིའི་དཀའ་སྡུག་གསལ་བཤད་དང་དེར་རྒྱབ་སྐྱོར་འཚོལ་ཐབས་གནང་བཞིན་ཡོད། ཅེས་གསུངས། ཕྱོགས་མཚུངས་སྐབས་དེར་པ་ཡེ་མོན་ཊེ་ས་ཁུལ་གྱི་ས་གནས་བོད་དོན་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པའི་སློབ་སྟོན་པ་སྐུ་ཞབས་ཇིམ་པའི་རོ་ལིའོ་ Mr Giampiero Leo ལགས་ཀྱིས་གསུང་དོན། ད་ཐེངས་ལྷན་ཚོགས་འདི་འདྲ་ཞིག་གོ་སྒྲིག་ཞུས་པ་བརྒྱུད་པ་ཡེ་མོན་ཊེ་ས་གནས་གྲོས་ཚོགས་ཀྱིས་རྩ་མེད་འགྲོ་རྒྱུར་ཉེན་འཚབ་ཧ་ཅང་འཕྲད་བཞིན་པའི་བོད་མི་ཚོའི་རིག་གཞུང་དང་ཐོབ་ཐང་སྲུང་སྐྱོབ་ཆེད་ཆོད་སེམས་བརྟན་པོ་ཇི་ཙམ་ཡོད་པ་གསལ་པོ་ཤེས་ཐུབ། ཅེས་གསུངས།
དེ་བཞིན་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་དོན། བོད་ནང་དུ་བོད་མི་ཚོས་རང་སྲེག་ལས་འགུལ་སྤེལ་བཞིན་པའི་དཀའ་ངལ་དེར་དུས་ཡུན་ཇི་ཙམ་རིང་སྣང་མེད་དུ་འཇོག་རྒྱུ་ཡིན་ནམ། བོད་མིའི་དཀའ་སྡུག་ལ་རྒྱལ་སྤྱིའི་དབུ་ཁྲིད་ཚོས་དོ་སྣང་སླེབ་ཆེད་ད་དུང་བོད་མི་ཇི་ཙམ་གྱིས་རང་སྲོག་དོར་དགོས་སམ། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ད་ལྟའི་དུས་སྐབས་འདིར་བོད་མི་ཚོར་བདེན་པའི་རྒྱབ་ལངས་གནང་སྟེ། བོད་ནང་རྒྱལ་སྤྱིའི་གསར་འགོད་པ་དང། གཞུང་ཚབ་མི་སྣ་སོགས་ལ་བཀག་སྡོམ་གང་ཡང་མེད་པར་རང་དབང་ཐོག་ནས་དངོས་ཡོད་གནས་ཚུལ་རྟོག་ཞིབ་ཆེད་འགྲོ་བསྐྱོད་བྱེད་ཆོག་པའི་རྒྱ་ནག་གཞུང་ལ་རེ་འདུན་འདོན་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས། སྐབས་དེར་སྐུ་མགྲོན་ཁྲོད་ཕ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨེན་དེ་རེ་གྷ་ཏོ་ལིན་ Mr André Gattolinམཆོག་དང་། ཨི་ཊ་ལིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ Intergroup Italian Parliamentary for Tibet ཚོགས་གཙོ་ཟུར་པ་སྐུ་ཞབས་མེ་ཏིའོ་མེ་ཁ་ཆི་ Mr Matteo Mecacci མཆོག སྐུ་ཞབས་ཇི་ཡན་ནི་ཝར་ནིི་ཏི་ Mr Gianni Vernetti མཆོག་སོགས་ཆེད་ཕེབས་གནང་ཡོོད། དེ་བཞིན་བོད་མིའི་སྐུ་ཚབ་ཁོངས་ནས་ཡུ་རོབ་ཀྱི་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་དང་བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས། ཨི་ཊ་ལིའི་བོད་རིགས་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཉི་མ་དོན་གྲུབ་ལགས་བཅས་ཕེབས་ཡོད།
ཕྱི་ཚེས་ ༦ ཉིན་སྤྱི་འཐུས་ཚོགས་གཙོ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་ཆེད་མི་ལ་རལ་པའི་ཆོས་ཚོགས་ Milarepa Buddhist centre སུ་ཕེབས་ཏེ་སྨོན་ལམ་གསུང་འདོན་གནང་བ་མ་ཟད། དེར་འདུས་བོད་མི་མང་ཚོགས་རྣམས་ལ་རྒྱ་ནག་གི་དབང་བསྒྱུར་འོག་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་རྩ་མེད་དུ་འགྲོ་བཞིན་པའི་དུས་སྐབས་འདིར་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་སྲུང་སྐྱོབ་བྱ་རྒྱུ་ཧ་ཅང་གལ་ཆེ་ཡིན་སྐོར་དང། བོད་མི་ཚོས་སོ་སོའི་ཁྱིམ་ཚང་ནང་མི་རབས་གསར་པ་ཚོར་བོད་མིའི་ཐུན་མིན་རིག་གཞུང་དེ་དག་ངོ་སྤྲོད་བྱ་རྒྱུ་གལ་ཆེ་ཡིན་པར་བརྟེན་ཕ་མ་ཚོས་ཁྱིམ་ནང་སྡོད་སྐབས་རང་གི་ཕྲུ་གུ་ཚོར་ངེས་པར་དུ་བོད་སྐད་ཐོག་ནས་སྐད་ཆ་ཤོད་རྒྱུ་གལ་ཆེ་ཡིན་པ་དང། ཕྱི་རྒྱལ་དུ་གནས་སྡོད་བོད་རིགས་ཚོས་དང་བླངས་དཔྱ་དངུལ་ལག་དེབ་བརྒྱུད་བོད་དོན་འཐབ་རྩོད་ལ་སྨན་པའི་ཞལ་འདེབས་གནང་རྒྱུ་ཧ་ཅང་གལ་ཆེ་ཆགས་ཡོད་སྐོར། གསུང་བཤད་གནང་རྗེས་ཚོགས་གཙོ་མཆོག་གིས་མང་ཚོགས་ཀྱི་དྲི་བར་ལན་འདེབས་གནང་སྐབས་བོད་མིའི་སྒྲིག་འཛུགས་ཀྱིས་འབད་བརྩོན་བྱེད་བཞིན་པའི་དབུ་མའི་ལམ་གྱི་སྲིད་བྱུས་དེ་རྒྱ་ཆེའི་མང་ཚོགས་ཀྱི་མངོན་འདོད་ལྟར་གྲོས་ཚོགས་ནང་སྤྱི་མོས་ཐོག་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཡིན་སྐོར་ལན་འདེབས་གནང་ཡོད་པ་བཅས།།