༢༠༡༣ ཟླ་ ༧ ཚེས་ ༨ རེས་གཟའ་ཟླ་བ།
༄༅། །འདི་གའི་ཆེད་གཉེར་པར་པ་ཕན་བདེ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༨ ཉིན་གྱི་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་སྡེ་ར་ལྡུན་མེ་འཁོར་བབས་ཚུགས་སུ་ཕེབས་འབྱོར་སྐབས། ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་གཙོས་སྡེ་ར་ལྡུན་ས་གནས་འགོ་འཛིན་དང། ས་གནས་ཁྲིམས་ཞིབ་པ། ར་པུར་བཟོ་འགོ ས་གནས་འཐུས་ཚོགས་ཀྱི་སྐུ་ཚབ། གཞུང་འབྲེལ་མིན་པའི་ཚོགས་པའི་སྐུ་ཚབ་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད། དེ་རྗེས་སྲིད་སྐྱོང་མཆོག་བདེ་སྐྱིད་གླིང་གཞིས་ཆགས་སུ་སྔ་དྲོའི་ལས་རིམ་གྲུབ་མཚམས། ཁུལ་དེར་ཡོད་པའི་སྔོན་དགའ་སློབ་གྲྭར་གཟིགས་སྐོར་ཕེབས་གནང་ཡོད། སྤྱིར་སྲིད་སྐྱོང་མཆོག་འདི་ཟླའི་ཕྱི་ཚེས་ ༡༤ བར་ཨུཏྟར་ཁཎྜ་དང་ཧི་མཱ་ཅལ་ཁུལ་དུ་ཡོད་པའི་བོད་མིའི་གཞིས་སྒར་དང་སློབ་གྲྭ་ཁག་གཅིག་ཏུ་གཟིགས་སྐོར་གནང་རྒྱུ་ཡིན་འདུག་པ་བཅས།།