༢༠༡༣ ཟླ་ ༧ ཚེས་ ༨ རེས་གཟའ་ཟླ་བ།
༄༅། །འདི་གར་རྡོར་གླིང་ས་གནས་འགོ་འཛིན་ལས་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༦ ཉིན་རྡོར་གླིང་ཁུལ་དུ་གནས་སྡོད་བོད་རིགས་རྣམས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༧༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༣༠ ཐོག་བསངས་མཆོད་གཟབ་རྒྱས་གནང། དེ་ནས་རྡོར་གླིང་གཏན་སློབ་ཀྱི་ཚོགས་ཁང་ནང་གཞུང་འབྲེལ་མཛད་སྒོ་དངོས་གཞི་དབུ་འཛུགས་གནང་ཡོད། མཛད་སྒོར་སྐུ་མགྲོན་གཙོ་བོ་རྫོང་དཔོན་སྐུ་ཞབས་སོ་མི་ཊ་ར་མོ་ཧན་ Dr. Saumitra Mohan མཆོག་དང། དམིགས་བསལ་སྐུ་མགྲོན་སྐྱབས་རྗེ་ཐུགས་བརྩེ་རིན་པོ་ཆེ་མཆོག རྡོར་གླིང་གཏན་སློབ་ཀྱི་སློབ་ཕྲུག གཞིས་མི་བཅས་མཉམ་ཞུགས་གནང་ཡོད། སྐབས་དེར་སྐུ་མགྲོན་གཙོ་བོ་མཆོག་གིས་དུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ།
༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་ཁྲིར་གདན་ཞུས་གནང་གྲུབ་མཚམས། སྐྱབས་རྗེ་ཐུགས་བརྩེ་རིན་པོ་ཆེ་མཆོག་དང་རྡོར་གླིང་ས་གནས་འགོ་འཛིན་བསོད་ནམས་བཟང་མོ་ལགས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། དེ་རྗེས་རྡོར་གླིང་ས་གནས་འཛིན་གྱིས་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་སྲིད་སྐྱོང་མཆོག་གི་གསུང་བཤད་སྒྲོགས་སྦྱང་གནང། དེ་རྗེས་སྐུ་མགྲོན་གཞན་རྣམས་ཀྱིས་རིམ་བཞིན་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་ཡོད། དེ་ནས་གཞས་སྣ་ཁག་འཁྲབ་སྟོན་དང་ས་གནས་ཡུལ་མི་རྣམས་ལ་མངར་བཟས་བགོ་འགྲེམས་གནང་ནས་སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པ་བཅས།།