༢༠༡༣ ཟླ་ ༧ ཚེས་ ༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༦ ཉིན་ཕྱི་ལུགས་ལྟར་ན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༨ ཕེབས་བཞིན་ཡོད་སྟབས། ཐེངས་འདིར་རྒྱ་གར་ལྷོ་ཕྱོགས་སེར་བྱེས་མཁས་སྙན་གྲྭ་ཚང་གིས་གོ་སྒྲིག་འོག་མགོན་པོ་གང་ཉིད་མཆོག་གི་སྐུའི་འཁྲུངས་སྲུང་བརྩི་གཟབ་རྒྱས་ཞུ་གཏན་འཁེལ་བར་བརྟེན། ༸གོང་ས་མཆོག་ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༤ རེས་གཟའ་ཕུར་བུའི་ཕྱེད་ཡོལ་ཆུ་ཚོད་ ༡ ཙམ་ལ་བཞུགས་སྒར་ནས་གྷ་གལ་དང་། དེ་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཆིབས་སྒྱུར་བསྐྱངས་ཡོད།
སྐབས་དེར་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་གཙོས་འབྲེལ་ཡོད་མཛད་གཙོ་རྣམ་པས་གྷ་གལ་གནམ་ཐང་བར་དུ་ཕེབས་སྐྱེལ་ཞུས་ཡོད།
དེ་ཡང་༸གོང་ས་༉༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་ ༤ ཉིན་གྱི་དགོང་དྲོ་རྒྱ་གར་རྒྱལ་ས་ལྡི་ལིར་ཞུགས་ཞག་མཛད་དེ། ཕྱི་ཚེས་ ༥ ཉིན་བྷེང་ལོར་ཁུལ་དུ་རྟེན་གཞི་བྱས་པའི་ཧིན་དྷུའི་ལྷ་ཁང་ (Hare Krishna ISKCON Temple, Bangalore) དུ་ཆིབས་སྒྱུར་བསྐྱང་སྟེ་ཨཀ་ཤཱཡ་པཏྲ་ཐེབས་རྩའི་ (Akshaya Patra Foundation) འགན་འཛིན་མཆོག་དང་མཇལ་འཕྲད་མཛད་རྒྱུ་མ་ཟད། ཐེབས་རྩ་ཁང་གིས་སློབ་ཕྲུག་རྣམས་ལ་ཉིན་གུང་ཁ་ཟས་རིན་མེད་ཐོག་སྤྲོད་རྒྱུའི་མཛད་སྒོར་ལྷན་ཞུགས་ཀྱིས་སློབ་ཕྲུག་རྣམས་ལ་ཁ་ཟས་གསོལ་རས་སྩལ་རྒྱུ་ཡིན་འདུག སྐབས་དེར་བྷེང་ལོར་ནང་རྟེན་གཞི་བྱས་པའི་གཞུང་གི་སློབ་གྲྭའི་ནང་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་གྲངས་ ༡༠༠ ཙམ་ལ་བཀའ་སློབ་ཡང་སྩལ་རྗེས། ཕྱེད་ཡོལ་ཆུ་ཚོད་ ༢ ཐོག་སྦེལ་ཀོབ་བརྒྱུད་སེར་བྱེས་གྲྭ་ཚང་དུ་ཆིབས་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག