༢༠༡༣ ཟླ་ ༧ ཚེས་ ༤ ཉིན་བཏང་གནས་ནང་འཁོད་དོན།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༤ ཉིན་བཏང་གནས་ནང་འཁོད་དོན། ཤར་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ས་གནས་ཁྲིམས་ཞིབ་པ་བློ་བཟང་ཚེ་ཐར་ལགས་ཀྱིས། ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༩ ཉིན་ར་ཝང་ལ་ཀུན་ཕན་གླིང་ས་གནས་གཞིས་ཆགས་ཀྱི་ཚོགས་ཁང་ནང་མི་མང་གྲངས་ ༡༢༠ སྐོར་འདུ་འཛོམས་ཐོག་གཙོ་བོ་ཁྲིམས་ལུགས་དབང་འཛིན་སྐོར་གོ་རྟོགས་གཏམ་བཤད་ནང་ཁྲིམས་ཞིབ་ཁང་གི་སྒྲོམ་གཞི་དང་། ས་གནས་ཁྲིམས་ཞིབ་ཁང་གི་ས་ཁོངས་ཁྱབ་ཚད། སྤྱི་མང་གཏུག་བཤེར་ནང་གི་འབྲེལ་ཆགས་དོན་ཚན་ ༢༣། ༢༤། ༢༩། ༣༢། ༤༠ བཅས་ཀྱི་གནད་དོན་གཏན་འབེབས། བཅད་ཁྲ་སྤྱིར་བཏང་། བཅད་ཁྲ་ཁྱབ་བསྒྲགས། བཅད་ཁྲ་ཉམས་ལེན། གྱོད་ཡ་ཉམ་ཐག་ལ་མཐུན་རྐྱེན། ཁ་མཆུ་ཕྱིར་འཐེན། ཁ་མཆུ་ནང་འགྲིག་བཅས་ཀྱི་སྐོར་གཏམ་བཤད་གནང་ཡོད།
དེ་བཞིན་ཚེས་ ༢༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་དང་ལས་བྱེད་རྣམ་པ། ས་འཐུས་ཚོགས་གཙོ་དང་འཐུས་མི་རྣམ་པ། རང་བདེན་ཚོགས་ཆུང་གི་ཚོགས་མི་རྣམ་པ། མཉམ་འབྲེལ་དྲུང་ཆེ་དང་ལས་བྱེད་རྣམ་པ། ཀེམ་ཁག་གི་བརྒྱ་དཔོན་རྣམ་པ། དགོན་པ་གཉིས་ཀྱི་འཐུས་མི། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འཐུས་མི་རྣམ་པ་བཅས་ལ་ཞུ་རྩ་དང་ཞུ་ལན་བཟོ་ཕྱོགས་ཀྱི་འབྲེལ་ཆགས་དོན་ཚན་ཁག་སྟེ། ཞུ་སྦྱོར་ཡིག་ཆ། ཞུ་སྦྱོར་དེབ་འགོད། ཞུ་རྩ་ཕྱིར་སློག་བྱེད་ཐབས། རྩོད་ལན་པར་བརྡ་ཐོ། རྩོད་ལན་པར་བརྡ་ཐོ་མ་འཕྲོད་པ། རྩོད་ལན་པས་བརྡ་ཐོར་བརྩི་བཀུར་མ་བྱས་པ། རྩོད་ལན་པའི་ཞུ་ལན་དང་། དོན་ཚན་ ༣༢ ཞུ་སྙན་སྤྱིར་བཏང་བཅས་གོང་གསལ་དོན་ཚན་དང་འབྲེལ་ཆགས་ཟུར་སྣོན་ཡིག་ཆ་ཁག་ཀྱང་གསལ་བཤད་གནང་ཡོད་པ་དང་། ཁོང་རྣམ་པའི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་འདུག་པ་བཅས། །