༢༠༡༣ ཟླ་ ༧ ཚེས་ ༤ རེས་གཟའ་ཕུར་བུ།
༄༅། །འདི་གར་ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༣ ཉིན་སྡེ་ར་ལྡུན་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། འདི་ལོའི་ཟླ་ ༦ ཚེས་ ༡༦ དང་ ༡༧ ཉིན་གཉིས་རིང་འདི་ག་ཨུཏྟར་ཁཎྜ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཧིན་དྷུའི་གནས་ཆེན་ཁག་ཅིག་ནང་དུ་ཆར་ཞོད་ཚབས་ཆེ་བྱུང་རྐྱེན། གློ་བུར་རྒྱུག་ཆུ་ཚད་ལས་བརྒལ་ཏེ་ཡུལ་མི་ཙམ་མ་ཟད། ཁུལ་དེར་རྒྱ་གར་རྒྱལ་ཡོངས་ནས་གནས་མཇལ་དུ་ཕེབས་མཁན་སྟོང་ཕྲག་མང་པོར་རྨས་སྐྱོན་ཕོག་པ་དང། མི་གྲངས་སྟོང་ལ་ཉེ་བའི་ཚེ་སྲོག་ཤོར་ཡོད། ཕྱོགས་མཚུངས་གཞན་མང་པོ་ཞིག་གར་སོང་ཆ་མེད་གྱུར་བ་དང་། ལྷག་པར་དུ་རི་རྒྱུད་དེའི་ཁུལ་དུ་གནས་སྡོད་ཡུལ་མིའི་སྡོད་ཁྱིམ་དང་ས་ཞིང་། རྒྱུ་ནོར་སྒོ་ཕྱུགས་སོགས་ལ་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་གོད་ཆག་ཕོག་པ་མ་ཟད། ད་ལྟའང་དཀའ་ངལ་མང་དག་ཅིག་འཕྲད་མུས་སུ་ཡོད་པའི་དུས་སྐབས་འདིར། རང་ཅག་བོད་མི་ཚོར་རྒྱ་གར་གཞུང་མང་གཉིས་ནི་ཤིན་ཏུ་བཀྲིན་ཆེན་པོ་ཡིན་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྒྱུན་དུ་བཀའ་སློབ་སྩོལ་བཞིན་པ་དང་། རང་གཞུང་གི་ལམ་སྟོན། དེ་བཞིན་འདི་ཁུལ་མི་མང་ཚང་མས་སེམས་འཚབ་ཀྱིས་རོགས་རམ་བྱ་རྒྱུར་བློ་མཐུན་བྱུང་བ་ལྟར། ཕྱི་ཟླ་ ༦ ཚེས་ ༢༡ ཉིན་ས་གནས་འགོ་འཛིན་ལས་ཁང་གི་ཁྱབ་ཁོངས་དགོན་སྡེ་ཁག་དང་། གཞིས་སྒར་ཁ་འཐོར་ཁག་གི་འགན་འཐུས་ལྷན་འཛོམས་ཐོག་ད་ལྟའི་དཀའ་ངལ་སེལ་སླད་མོས་མཐུན་གྲོས་ཆོད་ལྟར་ཚེས་ ༢༥ ཉིན་སྡེ་ར་ལྡུན་རྒྱལ་སའི་རྩེད་ཐང་ཆེན་མོར་མཆོད་འབུལ་སྨོན་ལམ་ཞིག་ཚོགས་ཡོད།
དེ་བཞིན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་ངལ་སེལ་མྱུར་སྐྱོབ་ལས་གཞིའི་ཆེད་ཞལ་འདེབས་འབོད་སྐུལ་ཞུས་པ་ལྟར། གྲོས་ཆོད་ནང་ཁྱབ་ཁོངས་སོ་སོ་ནས་དགོས་དངུལ་ཞལ་འདེབས་རྒྱ་མི་ཆུང་བ་ཞིག་བསྡུ་རུབ་ཞུས་པའི་ཁྱོན་བསྡོམས་ཧིན་སྒོར་ ༤༩༤༩༣༡།༠༠ སྐོར་ཞིག་བྱུང་ཡོད། དེར་བརྟེན་ ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༢ ཉིན་ས་འགོས་གཙོས་སྐུ་ཚབ་ཁག་གཅིག་སྤྱི་ཁྱབ་བློན་ཆེན་མཆོག་དང་དངོས་སུ་མཇལ་འཕྲད་ཞུས་ཏེ། ཧིན་སྒོར་འབུམ་གསུམ་ ༼༣༠༠༠༠༠།༠༠༽ སྐོར་ཞིག་གི་ཌབ་འཛིན་ (Draft) ཀྱིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་ངལ་སེལ་མ་དངུལ་ནང་ཞལ་འདེབས་འབུལ་ལམ་ཞུས་ཡོད། སྐབས་དེར་གོད་ཆག་འོག་རྐྱེན་ལམ་དུ་ཕྱིན་པ་རྣམ་པ་དང་གོད་ཆག་ནང་ཚུད་པ་མཐའ་དག་ལ་བོད་མིའི་སྒྲིག་འཛུགས་ཀྱིས་གཙོས་བོད་མི་ཚང་མས་གདུང་སེམས་མཉམ་སྐྱེ་ཞུས་དང་ཞུ་མུས་ཡིན་སྐོར་བློན་ཆེན་མཆོག་ལ་ཞུས་པ་མ་ཟད། ལྷག་པར་ཕྱི་ཟླ་ ༦ ཚེས་ ༢༥ ཉིན་རང་ཅག་ཚོས་དེ་འབྲེལ་ཆེད་མངགས་མཆོད་འབུལ་སྨོན་ལམ་ཞིག་ཀྱང་གོ་སྒྲིག་ཞུས་ཡོད་པ་བཅས་སྙན་སེང་ཞུས། ད་ཐེངས་ཞལ་འདེབས་ལྷག་འཕྲོས་ཧིན་སྒོར་ ༡༨༥༣༧༦།༠༠ ཡོད་པ་རིམ་པས་གོང་གསལ་ས་ཁུལ་ཁག་ཏུ་ཆེད་བཅར་ཞུ་ཐབས་དང་། ཡུལ་མིར་རོགས་རམ་བྱ་རྒྱུའི་ཐབས་ལམ་ཇི་ཡོད་གྲོས་བསྡུར་དང་ཐབས་ལམ་གསར་པ་འཚོལ་བའི་ཐོག་ནས་མཐུན་འགྱུར་བྱ་འཆར་ཡོད་པ་དང་། དེ་བཞིན་ཛ་དྲག་ཆེ་བའི་གནས་བབས་དེར་སྡེ་ར་ལྡུན་ས་འགོ་ལས་ཁུངས་ཀྱི་ཁྱབ་ཁོངས་དགོན་སྡེ་ཁག་དང་། ས་གནས་བེུད་ལྷན་ཚོགས། བོད་ཁྱིམ་སློབ་ཕྲུག་བཅས་སོ་སོས་གནམ་གྲུའི་འབབ་ཐང་ཁག་གཉིས་ནང་ཆེད་བཅར་གྱིས་དཀའ་ངལ་ནང་ལྷུང་བའི་ཡུལ་མི་ས་གནས་སུ་འབྱོར་བ་ཚོར་གསོལ་ཇ་བཞེས་ཏོག་དང་། ཞལ་ལག་ཀྱང་ཕུལ་ཡོད།།