༢༠༡༣ ཟླ་ ༧ ཚེས་ ༣ རེས་གཟའ་ལྷག་པ།
༄༅། །འདི་གར་ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༣ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་མཆོག་ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༣༠ ཉིན་ནས་དགུང་ལོའི་བབ་ཀྱིས་ཁྲིམས་ཞིབ་པའི་ལས་གནས་ནས་བགྲེས་ཡོལ་དུ་ཕེབས་པ་བཞིན། ཕྱི་ཟླ་ ༧ ཚེས་ ༢ ཉིན་གྱི་དགོང་དྲོར། མེག་ལོར་བོད་ཀྱི་གསོལ་མགྲོན་ཁང་དུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁོང་ལ་ཕེབས་སྐྱེལ་གསོལ་སྟོན་ཞིག་གོ་སྒྲིག་ཞུས་ཡོད་པ་དང་། ཕེབས་སྟོན་དུ་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་། ནང་སྲིད་དང་དཔལ་འབྱོར་བཀའ་བློན། འདེམས་ལྷན་ཚོགས་གཙོ། ཁྲིམས་ཞིབ་ཁང་གི་ལས་བྱེད་བཅས་མཉམ་ཞུགས་གནང་ཡོད།
ཕེབས་སྟོན་མཛད་སྒོའི་ཐོག་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་བཅས་ཀྱིས་སྔ་རྗེས་སུ་ཁྲིམས་ཞིབ་པ་ཟུར་པ་ངག་དབང་ཐུབ་བསྟན་མཆོག་གིས་སྐུ་ཚེ་ཧྲིལ་པོར་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་ཏུ་མི་ལོ་ ༤༢ རིང་ཕྱག་ལས་ཧུར་སྐྱེད་གནང་བའི་མཛད་རྗེས་ལ་ཚད་མཐོའི་གདེང་འཇོག་དང་། སླད་མར་ཡང་སྐུ་ཁམས་བདེ་ཐང་ངང་བོད་དང་བོད་མིའི་རྩ་དོན་ཐོག་ཐུགས་ཁུར་མུ་མཐུད་སྐྱོང་བཞེས་ཡོང་བའི་རེ་སྐུལ་གནང་ཡོད་པ་དང་། ཁྲིམས་ཞིབ་པ་ཟུར་པ་ངག་དབང་ཐུབ་བསྟན་མཆོག་ནས་ཁོང་གི་སྐུ་ཚེའི་ལོ་རྒྱུས་དང་ཉམས་མྱོང་སྙིང་བསྡུས་ངོ་སྤྲོད་གནང་བ་དང་སྦྲགས། མཛད་གཙོ་རྣམ་པ་དང་ཁྲིམས་ཞིབ་ཁང་ལ་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་རེད།
སྐུ་ངོ་ངག་དབང་ཐུབ་བསྟན་མཆོག་ནི་ཕྱི་ལོ་ ༡༩༤༨ ལོར་གཉའ་ལམ་ཚོང་འདུས་སུ་འཁྲུངས་པ་དང༌། རང་ལོ་བདུན་ལ་སོན་སྐབས་གཉའ་ལམ་དགའ་ལྡན་འཕེལ་རྒྱས་གླིང་དགོན་པར་ཆོས་ཞུགས་གནང༌། ཕྱི་ལོ་ ༡༩༦༠ ལོར་ཕ་མ་གཉིས་དང་ལྷན་དུ་བལ་ཡུལ་བརྒྱུད་སྐྱབས་བཅོལ་དུ་ཕེབས་ཏེ་སློབ་གྲྭར་ཞུགས། དེ་རྗེས་མ་སུ་རིར་ཨོ་ཀེན་ཌན་ཝན་ཅར་སློབ་གྲྭར་འཛུལ་ཞུགས་གནང༌སྟེ་སློབ་མཐར་ཕྱིན་རྗེས་སྦིར་བོད་ཚོགས་བཟོ་གཞིས་ལས་ཁང་དུ་ལས་དྲུང་གི་འགན་བཞེས། ཕྱི་ལོ་ ༡༩༦༩ ལོར་ལྡི་ལིར་གཞུང་འབྲེལ་དམིགས་བསལ་ལས་བྱེད་སློབ་སྦྱོང་ནང་འཛུལ་ཞུགས་གནང་སྟེ་དུས་ཡུན་ལོ་གཅིག་རིང་ལས་བྱེད་ཀྱི་སྦྱོང་བརྡར་གནང༌། དེ་ནས་ནང་སྲིད་དང་བདེ་སྲུང་བཅས་སུ་ལས་དྲུང་གི་ཞབས་ཞུ་བསྒྲུབས། ཕྱི་ལོ་ ༡༩༧༡ ལོར་ལ་དྭགས་སླེ་བསོད་ནམས་གླིང་གཞིས་ཆགས་གསར་འཛུགས་སྐབས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་སྐད་དྲུང་དུ་བསྐོ་གཞག་བསྩལ་བ་ལྟར་ཕྱི་ལོ་ ༡༩༨༡ བར་ཞབས་ཞུ་བསྒྲུབས། ༡༩༨༡ ལོའི་ཟླ་ ༧ ཚེས་ ༢༠ ནས་བལ་ཡུལ་ར་སོ་རྒི་རི་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་འགོ་འཛིན་གྱི་ལས་ཁུར་བཞེས། ཕྱི་ལོ་ ༡༩༨༣ ཟླ་ ༥ ཚེས་ ༢༥ ཉིན་བལ་ཡུལ་སྐུ་ཚབ་དོན་གཅོད་ཁང་གི་རྒན་དྲུང་དུ་གནས་སྤོས་བསྩལ།
ཕྱི་ལོ་ ༡༩༩༢ ཟླ་ ༨ ཚེས་ ༡ ཉིན་དྲུང་གཞོན་དུ་གནས་སྤར་གནང་བ་དང་། ༡༩༩༦ ཟླ་ ༤ ཚེས་ ༢༩ ཉིན་ཟུང་དྲུང༌དུ་གནས་སྤར་དང་། བལ་ཡུལ་དོན་ཁང་གི་དྲུང་ཆེ་ལས་ཚབ་ཀྱི་ལས་ཁུར་བཞེས། ༡༩༩༦ ཟླ་ ༨ ཚེས་ ༡ ཉིན་བལ་ཡུལ་སྤོག་ར་བཀྲ་ཤིས་དཔལ་འཁྱིལ་བཟོ་གཞིས་ལས་ཁང་གི་འགོ་འཛིན་དུ་གནས་སྤོ་གནང༌། ༡༩༩༧ ཟླ་ ༡༡ ཚེས་ ༢༤ ཉིན་བལ་ཡུལ་འཇོ་ཁེལ་བསམ་གྲུབ་གླིང་བཟོ་གཞིས་ཀྱི་འགན་འཛིན་དུ་བསྐོ་གཞག་གནང་། ཕྱི་ལོ་ ༢༠༠༠ ཟླ་ ༧ ཚེས་ ༤ ཉིན་དྲུང་འཕར་དུ་གནས་སྤར་དང་། ཟླ་ ༨ ཚེས་ ༡ ནས་དབུས་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་དུ་གནས་སྤོས་གནང་། ཕྱི་ལོ་ ༢༠༠༡ ཟླ་ ༥ ཚེས་ ༡༡ ཉིན་སྡེ་ར་ལྡུན་བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་ཐོག་མར་ཟུར་འཛུགས་གནང་སྐབས་ས་གནས་ཁྲིམས་ཞིབ་པར་བསྐོ་གཞག་གནང་དོན་བཞིན་ལོ་ལྔའི་རིང་མཛད་ཁུར་བཞེས་ཤིང་། ཕྱི་ལོ་ ༢༠༠༦ ཟླ་ ༩ ཚེས་ ༧ ནས་སླར་ཡང་ས་གནས་ཁྲིམས་ཞིབ་པར་ཆོད་གན་ཐོག་མུ་མཐུད་ལོ་གསུམ་རིང་བསྐོ་གཞག་བསྩལ་བ་བཞིན་མཛད་ཁུར་བཞེས།
ཕྱི་ལོ་ ༢༠༠༩ ཟླ་ ༡༠ ཚེས་ ༡༦ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་ལས་ཁུར་དམ་འབུལ་གྱིས་༢༠༡༣ ཟླ་ ༦ ཚེས་ ༣༠ ནས་བགྲེས་ཡོད་ཕེབས་ཡོད་པ་རེད།
རྒྱུས་ལོན་བྱས་པ་ལྟར་ན། ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་མཆོག་གི་ཚབ་ཏུ་ཁྲིམས་ཞིབ་པ་ཞིག་སྤྱི་འཐུས་ལྷན་ཚོགས་ནས་གསར་འདེམས་དགོས་པ་དང་། དེའི་ཆེད། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་མཆོག་བཅས་ནས་འདེམས་སྒྲུག་ཚོགས་ཆུང་ཞིག་བསྐོ་འཛུགས་ཀྱིས། ཚོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བའི་འོས་གཞི་འཆར་འབུལ་དགོས་པ་ལྟར། ད་ལྟའི་ཆར་འདེམས་སྒྲུག་ཚོགས་ཆུང་བསྐོ་འཛུགས་གྲུབ་ཡོད་པ་དང་། འདེམས་སྒྲུག་ཚོགས་ཆུང་ནས་འདི་ལོ་ཕྱི་ཟླ་ ༩ ནང་འཚོགས་འཆར་གྱི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ པར་ཁྲིམས་ཞིབ་པའི་འོས་གཞི་འབུལ་རྒྱུ་ཡིན་འདུག