༢༠༡༣ ཟླ་ ༧ ཚེས་ ༣ རེས་གཟའ་ལྷག་པ།
༄༅། །འདི་གར་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡ ཉིན་ཏེ་བོད་ཆུ་སྦྲུལ་ལོའི་ཧོར་ཟླ་ ༥ ཚེས་ ༢༤ ཉིན་འཕགས་ཡུལ་བྱང་ཕྱོགས་ཧི་མ་ཅལ་གྱི་མངའ་ཁོངས་སུ་གནས་ཆགས་པའི་བོན་གཞིས་ཐོབ་རྒྱལ་གསར་པ་རུ་བོན་བུ་ཁྱིམ་ཁང་དབུ་བརྙེས་ནས་མི་ལོ་ཉེར་ལྔ་འཁོར་བའི་དུས་དྲན་མཛད་སྒོ་འཚོགས་ཡོད་པ་རེད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༩།༠༠ ཐོག་བོན་བུ་ཁྱིམ་ཁང་གི་རྩེད་ཐང་དུ་༸དཔལ་རྒྱལ་བ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དང་། སྐུ་མགྲོན་གཙོ་བོ་དཔལ་ལྡན་མི་དབང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་སྐུ་ཚབ་ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་མཆོག་བཅས་ཚོགས་མགོན་དུ་གདན་ཞུས་ཆིབས་བསྒྱུར་གནང་ཡོད་པ་དང་། གཞན་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སློབ་དཔོན་མཆོག་དང་། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་སྐུ་ངོ་བྱ་དུར་བསོད་ནམས་བཟང་པོ་མཆོག གཡུང་དྲུང་བོན་གྱི་སྤྱི་འཐུས་རྣམ་གཉིས། ས་གནས་འཐུས་མི་ཚོགས་འདུའི་ཚོགས་གཙོ། ས་གནས་བོན་གཞིས་ཐོབ་རྒྱལ་གསར་པའི་གཞིས་འགོ། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། ༸དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཟུང་དྲུང་། ༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཉེར་པ། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ། བོན་གཞིས་ཉིན་སློབ་ཀྱི་དགེ་ཆེ་སོགས་སྐུ་མགྲོན་ཁག་དང་། གཞན་ཡང་ཕྱོགས་མཐའ་ཁག་ནས་ཆེད་ཕེབས་གནང་བའི་ཕྱི་རྒྱལ་སྦྱིན་བདག་ཁག་དང་བོན་བུ་ཁྱིམ་ཁང་གི་སློབ་ཕྲུག་ཟུར་པ། ཕ་མའི་སྐུ་ཚབ་སོགས་མདོར་ན་སྐྱ་སེར་མི་མང་ ༦༠༠ ཙམ་འདུ་འཛོམས་བྱུང་ཡོད།
ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་ཞུགས་མར་སྒྲོན་འབུལ་གྱིས་མཛད་སྒོ་དབུ་འབྱེད་གནང་ཡོད་པ་དང་། དེ་ནས་ཚང་མ་སྐུ་བཞེངས་ཐོག་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་དང་། འཕགས་བོད་གཉིས་ཀྱི་རྒྱལ་གླུ་དབྱངས་སུ་གྱེར་རྗེས་སྐུ་མགྲོན་སོགས་སེར་སྐྱ་ཕོ་མོ་ཡོངས་ལ་འབྲས་སིལ་དང་གསོལ་ཇ་འདེགས་འབུལ་ཞུས་ཡོད་པ་རེད།
དེ་ནས་བོན་བུ་ཁྱིམ་ཁང་གི་དྲུང་ཆེ་སྐལ་བཟང་དོན་འགྲུབ་ལགས་ནས་མཛད་སྒོའི་འཚམས་འདྲིའི་གསུང་བཤད་གནང་ཡོད་པ་དང་། བོན་བུ་ཁྱིམ་ཁང་གི་དབུ་འཛིན་བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་རིན་པོ་ཆེ་མཆོག་གིས་བོན་བུ་ཁྱིམ་ཁང་གི་འདས་མ་ད་གསུམ་གྱི་ལོ་རྒྱུས་སོགས་ངོ་སྤྲོད་དང་ལས་བསྡོམས་ཟབ་རྒྱས་གསུངས། དེ་བཞིན་ས་གནས་ཉིན་སློབ་ཁང་གི་སློབ་སྤྱི་དང་། ༸དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཟུང་དྲུང་། ས་གནས་བོན་གཞིས་ཐོབ་རྒྱལ་གསར་པའི་འགོ་འཛིན། གཡུང་དྲུང་བོན་གྱི་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་བཅས་ཀྱིས་མཛད་སྒོ་དང་འབྲེལ་བའི་གཏམ་བཤད་ཟབ་རྒྱས་གནང་ཡོད་པ་དང་བར་མཚམས་རྣམས་སུ་བུ་ཁྱིམ་ཁང་གི་སློབ་ཕྲུག་ཁག་ནས་མཉམ་གཞས་དང་ཞབས་བྲོ་སོགས་ཀྱང་གཟིགས་འབུལ་ཞུས།
དེ་མཚམས་མཛད་སྒོའི་ཚོགས་མགོན་དུ་ཞབས་སོར་བཀྲིན་བསྐྱངས་པ་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གིས་འགྲོ་བ་མི་ཡི་སྐྱེ་ལུས་ཤིག་བླངས་པ་ཚུན་དགེ་སྡིག་བླང་དོར་དང་། ཤེས་བྱ་ཡོན་ཏན་གྱི་རྣམ་བཞག་ལ་འབད་བརྩོན་བྱ་ཕྱོགས། ༸གོང་ས་དོན་གྱི་བདག་པོ་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཐོག་མར་བོད་ཕྲུག་རྣམས་ལ་ཤེས་ཡོན་གྱི་ས་བོན་བསྐྲུན་རྒྱུར་གལ་ཆེ་ཤོས་སུ་གཟིགས་གནང་ཡོད་པ་དང་། རང་ཅག་བོན་པོ་རྣམས་ལའང་རྒྱུན་དུ་བཀའ་དྲིན་བརྩེ་གཟིགས་སྐྱོང་ཚུལ། ཧི་མ་ལ་ཡའི་མཐོ་སྒང་འདིའི་ཁྱད་ནོར་ཞང་ཞུང་བོན་གྱི་གྲུབ་མཐའི་བྱུང་རབས་སོགས་ལ་རྒྱལ་ཕྱི་ནང་གི་ཞིབ་འཇུག་པ་རྣམས་ཀྱིས་ཆེ་མཐོང་སྤྲོད་སྟངས། ནང་པ་གཤེན་རབ་པའི་བཞེད་དགོངས་ལས་འཕྲོས་པའི་ཕྱི་ནང་གྱི་གྲུབ་མཐའི་ཡིན་ལུགས། མཐོང་རྒྱ་ཆུང་བའི་སྤྱི་ཚོགས་ནང་སྐོར་ར་གཡས་གཡོན་ལས་འཕྲོས་པའི་གྲུབ་མཐའི་རྩོད་རྙོག་ཆུང་རྩག་རིགས་ཡོང་ཉེན་ཁ་གསལ་གོ་བདེའི་གསལ་བཤད། གཞོན་སྐྱེས་སོ་སོར་ཆོས་དད་ཡོད་མེད་ཇི་ལྟར་ཡང་ཕ་མེས་ཡང་མེས་ནས་བརྒྱུད་པའི་རང་གི་རིག་གཞུང་ལ་བདག་སྐྱོང་བྱ་དགོས་ཚུལ། བུ་ཁྱིམ་གྱི་དབུ་འཛིན་གཙོས་པའི་འབྲེལ་ཡོད་ཡོངས་ནས་ཕྲུ་གུ་ལ་བདག་སྐྱོང་གིས་རིན་ཐང་ལྡན་པའི་མི་ཚེའི་འགྲོ་སྟངས་བཟོས་པ་ནི་ཕ་མ་ལས་ཀྱང་བཀའ་དྲིན་ཆེ་བ་ཡིན་པ། དཔལ་ལྡན་སྲིད་སྐྱོང་མཆོག་གི་སྐུ་ཚབ་ཆེད་ཕེབས་གནང་བར་ཐུགས་རྗེ་ཆེ་སོགས་གལ་ཆེའི་བླང་དོར་གྱི་བཀའ་སློབ་སྐྱབས་འཇུག་སྩལ།
མཐར་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་མཆོག་གིས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་མཛད་བྲེལ་དབང་གིས་ཐུགས་ཁོམ་མ་བྱུང་ཡང་དྲུང་ཆེ་ཁོང་ཉིད་སྐུ་ཚབ་ཏུ་ཆེད་གཏོང་གནང་བ་ལྟར་བོན་གཞིས་སུ་འབྱོར་ཏེ་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་རྟེན་དང་བརྟེན་པས་གཙོས་བོན་གཞིས་གྱི་སྣོད་བཅུད་ཡོངས་ལ་མཇལ་གཟིགས་གི་གོ་སྐབས་བྱུང་བ་སྐལ་པ་བཟང་པོ་བྱུང་། བོན་བུ་ཁྱིམ་ཁང་གི་དབུ་འཛིན་བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་རིན་པོ་ཆེས་དབུས་པའི་ལས་སྣེ་ཡོངས་ནས་མི་ལོ་ ༢༥ རིང་སྐུ་ལས་བསྐྱོན་ཏེ་སློབ་ཕྲུག་མང་པོ་སྐྱེད་སྲིང་གནང་བར་བཀའ་དྲིན་ཆེ་ཞེས་དང་། བཀའ་ཤག་གི་ལྟ་གྲུབ་གསུམ་པོའི་སྙིང་དོན་ངོ་སྤྲོད། དམིགས་བསལ་སྲིད་སྐྱོང་མཆོག་གིས་ཤེས་ཡོན་ཐོག་ཐུགས་རེ་གནང་བ་བཞིན་སློབ་ཕྲུག་རྣམས་ནས་འགན་ཁུར་ཆེ་བཞེས་དགོས་ཚུལ། ༸གོང་ས་མཆོག་གི་དགོངས་བཞེད་ལྟར་གནའ་དེང་ཤེས་བྱ་ཟུང་ལ་སྦྱང་བརྩོན་གྱིས་ས་དགེ་བཀའ་རྙིང་བོན་དང་བཅས་པའི་གྲུབ་མཐའ་རང་རང་གི་ལྟ་གྲུབ་ཀྱི་སྙིང་བཅུད་ལ་ཉམས་ལེན་བྱས་ཏེ་དེང་འཁྲུག་ཆ་ཆེ་བའི་དུས་ཚོད་འདིར་ཡ་རབས་བཟང་སྤྱོད་ཀྱི་ཞག་རྩི་མ་ཡལ་བ་དགོས་སྐོར། གཞིས་ཆགས་འདི་ནས་སྐྱེ་འཚར་བྱུང་བའི་ན་གཞོན་བཅུ་ཕྲག་གཉིས་མ་ཟིན་ཙམ་ཀྱིས་གངས་ཅན་སྐྱིད་གཤོངས་གཙོས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ནང་ཕྱག་ལས་གནང་བཞིན་ཡོད་པ་རྣམས་ནི་གཞིས་ཆགས་ཀྱི་གཞི་ཁྱོན་ལ་གཞིགས་ན་ཉུང་ཉུང་མིན་པ་དང་། ཁོང་རྣམས་ནི་ཤེས་བྱ་ཡོན་ཏན་དང་ལྡན་ཞིང་། ཉམ་ཆུང་ཚུལ་མཐུན་ཅན་ཤ་སྟག་ཏུ་མཐོང་བས་འབྲེལ་ཆགས་སྐྱེད་སྲིང་གནང་མཁན་ཡོངས་ལ་བཀའ་དྲིན་ཆེ་ཞུ་བ་དང་ད་ལྟ་འཚར་ལོངས་བྱེད་བཞིན་པའི་སློབ་ཕྲུག་རྣམས་ཀྱིས་ཀྱང་ཁོང་རྣམ་པར་མིག་དཔེ་ཡར་ལྟ་དགོས་ཚུལ།
མཐའ་དོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་། ༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེས་དབུས་བོན་བསྟན་འཛིན་པའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཞབས་པར་སྲིད་མཐར་བརྟན་ཅིང་བཞེད་དགོངས་ལྷུན་གྱིས་འགྲུབ་པ་དང་། གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་སྨོན་འདུན་བཅས་གསུང་བཤད་ཟབ་རྒྱས་གནད་དུ་སྨིན་པ་གནང་།
གཞན་ཡང་བོན་བུ་ཁྱིམ་ཁང་གི་ལས་བྱེད་རྣམས་དང་ཕྱི་རྒྱལ་རོགས་ཚོགས་སྦྱིན་བདག་ཁག་ལ་བཀའ་དྲིན་ལེགས་གསོལ་མཚོན་དོད་སོགས་གང་རྒྱས་ཕུལ་ཡོད་པ་དང་ཉེར་ལྔའི་དྲན་དེབ་ཅིག་ཀྱང་འགྲེམས་སྤེལ་གནང་སྟེ་སེར་སྐྱ་མི་མང་ཡོངས་ལ་ཉིན་གུང་གསོལ་ཚིགས་རྒྱས་འབུལ་ཞུས་ནས་སྔ་དྲོའི་ལས་རིམ་མཇུག་གྲུབ།
ཕྱི་དྲོའི་ཕྱག་ཚོད་ ༥།༠༠ པའི་སྐུ་མགྲོན་རྣམས་བོན་བུ་ཁྱིམ་ཁང་གི་ཁོར་ཡུག་ཁག་ལ་གདན་ཞུས་ཀྱིས་གནས་སྟངས་ངོ་སྤྲོད་དང་། དེ་རྗེས་བོན་བུ་ཁྱིམ་ཁང་གི་སློབ་མ་ལས་ཟུར་རྣམས་ཀྱིས་ད་ལན་ཆེད་དུ་གོ་སྒྲིག་ཞུས་ཡོད་པའི་གནའ་དེང་གི་གླུ་གཞས་ཞབས་བྲོ་སོགས་གཟིགས་འབུལ་ཞུས་མཐར་བོན་བུ་ཁྱིམ་ཁང་གི་འབྲེལ་མཐུད་པ་ཕུན་ཚོགས་དར་རྒྱས་ལགས་ནས་མཛད་སྒོའི་མཇུག་བསྡོམས་དང་ཐུགས་རྗེ་ཆེའི་ཞུའི་གཏམ་བཤད་སོགས་གནང་ནས་མི་ལོ་ ༢༥ འཁོར་བའི་མཛད་སྒོ་བདེ་བླག་ངང་གྲུབ་ཡོད་པ་རེད།
བོན་བུ་ཁྱིམ་ཁང་གི་ངོ་སྤྲོད་མདོར་བསྡུས།
༸ཞྭ་དཀར་བསྟན་པའི་མངའ་བདག་༸རྒྱལ་བ་གཉིས་པའི་རྒྱལ་ཚབ། ༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༣ པ་དོན་གྱི་མཚན་ནས་སྨྲོས་ན། ༸ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་གིས། མ་འོངས་མི་རིགས་ཀྱི་སོན་རྩ་བོན་ཕྲུག་ཚོར་བོན་གྱི་ཤེས་རིག་དང་། རྒྱལ་རབས་ལོ་རྒྱུས་དེ་བཞིན་དེང་དུས་ཀྱི་ཤེས་ཡོན་བཅས་ཚད་ལྡན་ཞིག་སྤྲོད་ཆེད་མེད་དུ་མི་རུང་བའི་ཆ་རྐྱེན་གཙོ་བོ་སློབ་གྲྭ་ཚད་ལྡན་ཞིག་དགོས་གལ་ཆེ་ཚུལ་ཕྲན་ལ་ནང་མོལ་སྐབས་ཡང་ཡང་གསུངས་གནང་བ་དང། ལྷག་དོན་ ༡༩༨༨ ལོར་༸གོང་ས་ལྷ་མིའི་རྣམ་འདྲེན་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་སྐུ་ཕྲེང་ ༡༤ པ་ཆེན་པོ་མཆོག ཐེངས་དང་པོར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཞབས་སོར་བཀའ་དྲིན་བསྐྱངས་སྐབས་༸ཞྭ་དཀར་བསྟན་པའི་གཙུག་ནོར་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་ས་གནས་བོན་གཞིས་ཉིན་སློབ་འདི་བཞིན་འཛིན་རིམ་བརྒྱད་པ་སྟེ། འབྲིང་རིམ་སློབ་གྲྭའི་གནས་རིམ་ཅན་དུ་བསྒྱུར་འཐུས་བཀའ་ཁྲོལ་ཞུས་འབྲས་དོན་སྨིན་བྱུང་ཁར། ཕྱོགས་མཐར་ཡོད་པའི་བོན་པོའི་ཕྲུ་གུ་རྣམས་ལ་བོན་པོ་རང་གི་ཆོས་དང་རིག་གཞུང་སོགས་སྤྱི་མཚུངས་སློབ་སྦྱོང་སྤྲོད་ཐུབ་པར་དགོས་རྒྱུའི་བཀའ་སློབ་ཟབ་རྒྱས་གནང། མ་ཟད་སྟོན་འཁོར་རྣམས་དགོན་ནས་ཆིབས་ཐོན་མ་གནང་སྔོན། སྐབས་དེའི་ཤེས་རིག་བཀའ་བློན་མི་རྗེ་སྐུ་ངོ་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་༸སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེའི་མདུན་དུ་ཆེད་བཅར་གྱིས་གསུང་དོན། ༸གོང་ས་མཆོག་གིས་ཁྱེད་རང་ཚོའི་སློབ་གྲྭའི་སྐོར་བཀའ་གནང་བ་དེ་དག་གསུང་སྒྲོས་ཙམ་དུ་མ་སོང་བར་ལག་ལེན་བསྟར་རྒྱུའི་ཆེད་དུ་ཧིན་སྒོར་ཆིག་ཁྲི་གསོལ་བསྩལ་གནང་སྐོར་དང། ཤེས་རིག་ལའང་དེ་བཞིན་གནང་སྒོ་ཅི་མཆིས་ངེས་པར་མཐུན་འགྱུར་གནང་འོས་གལ་ཆེའི་བཀའ་སློབ་ཕེབས་དགོངས་ཇི་བཞིན་ཤེས་རིག་ནས་བསྒྲུབ་རྒྱུ་ལགས་ན། དེ་ལུགས་སུ་ཐུགས་འཇགས་གནང་གལ་ཆེ་ཞེས་སོགས་གནད་ཆེའི་བཀའ་མོལ་རྒྱས་ཙམ་གནང་།
༸གོང་ས་མཆོག་སྟོན་འཁོར་སྨན་རི་དགོན་ནས་ཆིབས་ཐོན་གནང་རྗེས་༸སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་ཕྲན་ལ། གནད་དོན་དེའི་སྐོར་བསམ་བློ་གཏོང་དགོས་ཞེས་སྤྱིར་སྟངས་བཀའ་སློབ་གནང་བ་མ་ཟད། ཉིན་ཤས་རྗེས་སླར་ཡང་ནན་ཏན་གྱིས་ས་གནས་སློབ་གྲྭ་འདི་ཉིད་འབྲིང་རིམ་སློབ་གྲྭའི་གནས་ཚད་ཅན་དུ་འགྱུར་སླད། རང་གཞུང་ཤེས་རིག་དང། རྒྱ་གར་དབུས་བོད་སློབ་འཛིན་ཚོགས་བཅས་ལ་འབྲེལ་བ་གནང་སྒོ་ཁག་དང། ཕྱོགས་མཐར་གནས་པའི་བོན་འབངས་ཚོར་འབྲེལ་བ་བགྱིས་ཏེ་ཕྲུ་གུ་བསྡུ་རྒྱུའི་མཚོན་པའི་ལས་འགན་འདི་ཁྱོད་རང་གིས་འཁུར་དགོས་ཞེས་རྩ་བའི་བླ་མའི་བཀའ་ཕེབས་པ་ལྡོག་ཐབས་ཤིན་ཏུ་དཀའ་ནའང་། ཕྲན་ལ་མཚོན་ན་དེ་ལྟ་བུའི་ལས་འཆར་ནི་རྒྱ་ཆེ་ལ་འགན་ལྕི་བར་མ་ཟད་མུ་མཐུད་དེ་འཛིན་སྐྱོང་དགོས་སྟབས་ཕྲན་ལ་དེ་ལྟའི་ཉམས་མྱོང་དང། དཔལ་འབྱོར་གྱི་དམིགས་རྟེན་སོགས་ཅི་ཡང་མེད་པའི་དབང་གིས། ཞབས་ཞུ་ངེས་པར་སྒྲུབ་གལ་ཆེ་ཡང། དོན་འཁྱོལ་ཡོང་ཐབས་མེད་སྟབས། གཞན་ཞིག་དགོངས་བཞེས་གནང་ཐབས་རེ་ཞུས་དང་འབྲེལ། ཟུར་གྲོགས་རང་ནུས་དང་བསྟུན་པའི་ཞབས་ཞུ་གང་འགབ་ཞུ་རྒྱུའི་དམ་བཅའ་ཡོད་ཅེས་ཡར་ཞུ་ཕུལ་ཡང། ༸སྐྱབས་རྗེ་མཆོག་གིས་ཁྱོད་རང་ལས་གཞན་པའི་འོས་མི་བསམ་བློར་འདི་ཞེས་འཁོར་གྱི་མི་འདུག ཁྱོད་རང་གིས་འགན་འཁྱེར་དགོས་འགྲུབ་འགྲོ་གི་རེད། ཅེས་མ་འོངས་སྔོན་གཟིགས་ཀྱིས་བཀའ་རྒྱས་བཏབ་པར་བརྟེན། རང་ནུས་གང་ལྕོགས་བཀའ་དགོངས་ལྟར་འབད་སྒྲུབ་ཞུ་རྒྱུ་ཡིད་ངག་གཉིས་ཐོག་ནས་ཞུས་ཀྱང་ཕྱིར་བསྒྲགས་གནང་མེད་པ་རེད། དེ་ནས་༸སྐྱབས་རྗེ་ཁྲི་འཛིན་རིན་རིན་པོ་ཆེ་མཆོག་གི་བཀའ་སློབ་ལམ་སྟོན་བཞིན། བོན་གཞིས་ས་གནས་མི་མང་རྒན་རབས་རྣམས་ལྷན་གྱིས་སློབ་ཕྲུག་བསྡུ་སྐོང་དང། དེ་དག་བཞུགས་གནས་གོ་སྒྲིག དེ་བཞིན་མུ་མཐུད་མ་འོངས་པར་འཛིན་སྐྱོང་ཇི་ལྟར་གནང་ཕྱོགས་ཐད་ཞིབ་ཕྲའི་གྲོས་བསྡུར་ལྷུག་པོ་སྔ་ཕྱི་རིམ་པར་གནང་འབྲས། ཚོགས་མི་ཡོངས་ཀྱིས་མགྲིན་དབྱངས་གཅིག་གྱུར་ཐོག་ཕྲན་ལ་དེ་ལྟར་ལས་འགན་འཁུར་རོགས་ཞེས་རེ་བསྐུལ་བྱུང་བར། སྤྱིར་རྩ་བའི་བླ་མ་༸ཁྲི་འཛིན་རིན་པོ་ཆེའི་མདུན་ནས་ཁས་ལེན་ཞུས་ཟིན་པ་དང། མ་ཟད་ལས་འཆར་འདི་ཉིད་འཕྲལ་ཕུགས་གང་ཐད་ནས་དགེ་དགོས་ཆེ་བར་མཐོང་སྟེ་ཁས་ལེན་ཞུས། དེ་སྐབས་བོན་གཞིས་ལས་ཁང་དུ་ཁྱུང་ལུང་། བྱ་དུར། ཁམས་དང་ཨ་མདོ་བཅས་ཀྱི་ཤོག་བཞིའི་འཐུས་ཚབ་བཞིའི་ཐོག་ཏུ་ཕྲན་དང། རྒན་ཆེན་ཚང་གཡུང་དྲུང་འཆི་མེད་གཉིས་བསྣན་ཏེ་རྒྱུན་ལས་ཞེས་མིང་བཏགས། གཙོ་བོ་ཚོགས་མི་དྲུག་གི་ལྷན་ཚོགས་ལྟ་བུར་མཉམ་རུབ་གནང་རྒྱུའི་ཐག་གཅོད་བྱས། ཚོགས་འདུའི་གྲུབ་དོན་༸སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེར་སྙན་གསེང་ཞུས་པས་ཐུགས་དགྱེས་པ་ཆེན་པོས་བསྔགས་བརྗོད་དང་བླང་དོར་བཀའ་་སློབ་ཟབ་རྒྱས་བསྩལ་བ་ནི་སྔོན་འགྲོ་ལྟ་བུའོ།།
དངོས་གཞི་ཇི་ལྟར་ལས་འགུལ་སྤེལ་ཚུལ་ནི། ༸སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་བཀའ་སློབ་ཕེབས་དོན་བཞིན་ཕྲན་རང་བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུར་གནས་སྡོད་བོན་འབངས་ཚོར་གོང་ཞུས་བྱུང་རིམ་ཁག་གསལ་བཤད་དང་། དགོས་པ་རྒྱུ་མཚན་ཞིབ་གསལ་འབྱུང་ཕྱིར་བལ་ཡུལ་ལ་འགྲོ་རྒྱུའི་གཏན་འཁེལ་མཚམས། དང་ཐོག་སྐབས་དེའི་བལ་ཡུལ་བོན་པོ་ཚོགས་པའི་ཚོགས་གཙོ་མཆོག་ལ་འབྲེལ་བ་བྱས་ཏེ། སྔོན་ཚུད་བོན་པོའི་ཁྱིམ་ཚང་སོ་སོར་ཟླ་ཚེས་ལྟར་ཚོགས་བཅར་ངེས་ཕེབས་ཡོང་བའི་བརྡ་ཁྱབ་གནང་རྒྱུའི་རེ་བསྐུལ་ཞུས་ནས། གུས་པ་ཡང་བརྡ་ཁྱབ་ལྟར་གྱི་ཟླ་ཚེས་ཉིན་འབྱོར་སྐབས། དངོས་སུ་ཚོགས་བཅར་བ་གྲོང་པ་བདུན་ལས་མི་འདུག དེ་དག་མང་ཆེ་བ་ཉེ་འཁོར་གནས་སྡོད་པ་རེད། ངས་ཚོགས་གཙོར་གྲོང་མི་ཚང་མར་བརྡ་འཕྲོད་མིན་དྲིས་པས། ཚོགས་གཙོས་ཀུན་ལ་མ་གོ་མ་ཐོས་མེད་པའི་བརྡ་ཁྱབ་བཏང་ཡོད་ཟེར་ཡང། དེ་ལྟ་བུ་ཞིག་ཨེ་ཡིན་སྙམ་སྟེ། རང་ཉིད་གྲོང་པ་སོ་སོའི་ནང་དུ་ཆེད་བསྐྱོད་ཀྱིས་དམིགས་ཡུལ་དང། དགོས་པ་རྒྱུ་མཚན་གསལ་བཤད་ཞུས་པར་ཀུན་གྱིས་བསྔགས་བརྗོད་དང་དགའ་ཚོར་ཆེན་པོར་བྱེད་བཞིན་ང་ཚོར་ཚོགས་འདུའི་བརྡ་ཁྱབ་གཏན་ནས་འཕྲོད་མ་བྱུང་། དེའི་རྒྱུ་མཚན་གྱིས་ང་ཚོ་ཚོགས་འདུར་བཅར་རྒྱུའི་གོ་སྐབས་མ་བྱུང་བ་ལས། ཚོགས་འདུར་མ་ཡོང་བ་གཏན་ནས་མིན་སོགས་ཀྱི་གསལ་བཤད་དེས་དངོས་དོན་གང་ཡིན་ར་འཕྲོད་གསལ་པོ་ཞིག་བྱུང་བ་ནི། ལས་རིམ་འདི་དང་འབྲེལ་བའི་ཉམས་མྱོང་དང་པོ་དེ་ཡིན། ཕྲུ་གུའི་ཕ་མ་ཚོ་དང་ཕན་ཚུན་ཕྲུ་གུ་སློབ་འཇུག་སྐོར་གྱི་གནས་ཚུལ་གླེང་མོལ་བྱས་སྐབས། ཕྲུ་གུ་གཏང་རྒྱུའི་དཀའ་ངལ་འཕྲད་ས་དཔལ་འབྱོར་ལ་ཐུག་བསྡད་འདུག་མོད། ཕྲན་ལའང་དེ་ཡི་དཀའ་ངལ་སེལ་ཐབས་འདི་བཟོ་འདི་བྱེད་ཀྱི་ཐབས་ཤེས་ནི་མི་འདུག་ཀྱང། ལས་དོན་འདིའི་ཆེད་ཟླ་བ་གཅིག་མ་ཟིན་ཙམ་གྱི་དུས་ཚོད་བཏང་སྟེ་ཡར་མར་འབྲེལ་གཏུག་སོགས་ཀྱི་བྱ་བ་བསྒྲུབས།
དེའི་རྗེས་ལོ་རྒྱུས་ཐོག་ནས་ཞང་ཞུང་ས་ཁོངས་སུ་གཏོགས་ཤིང་དེར་གནས་སྡོད་བྱས་པའི་གནའ་བོའི་ཞང་སྐད་ཆེས་མང་པོ་ཞིག་བེད་སྤྱོད་གཏོང་བཞིན་པའི་ཁུ་ནུ་བ་རྣམས་ལ་དངོས་བརྒྱུད་ཅི་རིགས་པའི་སྒོ་ནས་ལོ་རྒྱུས་ཀྱི་དབང་དུ་བྱས་ན་ཁྱོད་རང་ཚོའི་ཆོས་དང་རིག་གཞུང་ནི་བོན་དང་ཁ་བྲལ་ཐབས་མེད་པའི་འབྲེལ་བ་ངེས་ཅན་ཞིག་ཆགས་བསྡད་ཡོད་སྐོར་ངོ་སྤྲོད་དང་འབྲེལ་ཕྲུ་གུ་གཏང་རྒྱུའི་བསླབ་བྱ་དང་བསྐུལ་སློང་ཐབས་ཤེས་གང་དགེ་བྱས་པར་མ་ཟད། སྔགས་འཆང་མཁས་མཆོག་རྡོ་རྗེས་ངོ་སྤྲོད་གནང་བའི་ཁུ་ནུ་ལི་པ་བ་དོན་འགྲུབ་རྒྱ་མཚོ་དང་འབྲེལ་བ་བྱས་ཏེ་ཁོང་གི་ལྷག་བསམ་རྣམ་དག་གིས་སྒོ་ནས་འབད་བརྩོན་བྱས་པའི་ཕྲུ་གུ་རྣམས་ཕ་མས་དགའ་ཚོར་ཆེན་པོའི་སྒོ་ནས་གཏོང་མཁན་གང་ལ་གང་འཚམས་བྱུང་སོང་། གཞན་ཡང་བལ་ཡུལ་དང་། འབྲུག འབྲས་ལྗོངས། རྒྱ་གར་བཅས་སུ་གནས་སྡོད་པ་བོད་པའི་གཞིས་ཆགས་ཁག་ཏུ་བོན་པོ་ཁ་འཐོར་དུ་སོང་བ་རྣམས་ལའང་ཡིག་ངག་གཉིས་ཐོག་ནས་འབྲེལ་བ་བྱས་ཏེ། ཕྲུ་གུ་གང་ལ་གང་འཚམས་སླེབས་ལ་ཉེ་བའི་སྐབས་སུ་ཕྲུ་གུའི་ཉལ་ཁང་ཞིག་མེད་ན་ཡོང་ཐབས་བྲལ་བར་བརྟེན། སྔོན་གཞིས་མི་ཞིག་གིས་བྱ་གསོ་ཁང་བྱས་པའི་ཁང་རྙིང་ཕྱི་དབྱིབས་ཙམ་ལས་ཐ་ནའང་སྒེའུ་ཁུང་ཚད་ལྡན་མེད་པའི་གྱང་ཁང་ནར་མོ་བདག་དབང་དགོན་པར་ཡོད་པ་དེ་དང་། ཧིན་སྒོར་ཆིག་ཁྲི་དྲུག་སྟོང་ཐམ་པ་༸སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེའི་སྐུ་མདུན་ནས་སྔ་གཡར་ཞུས་ཤིང་བུ་དང་བུ་མོའི་ཉལ་ཁང་གི་ཆེད་དུ། ཁང་པ་དེའི་ནང་ནས་ཆོད་བཅད་པ་དང་། ཕྱི་ནང་གི་ཉམ་གསོ་དཀར་རྩི་སོགས་འཁོས་འབྱོར་དང་བསྟུན་པའི་གྲ་སྒྲིག་བྱས་ཏེ། ཆོད་བཅད་པའི་ཁང་མིག་གཉིས་པོ་བུ་དང་བུ་མོ་སོ་སོའི་ཉལ་ཁང་བྱས་པ་མ་ཟད། བུ་ཡི་ཉལ་ཁང་ནང་གི་ཟུར་ཞིག་ལ་ཐབ་ཀ་བཟོས་ནས་ཐབ་ཚང་གི་གོ་མ་བཅད་རང་བཅད་བྱུང་། དེ་ལྟ་བུའི་གྲ་སྒྲིག་ཚར་ནས་ ༡༩༨༨ ལོའི་ཟླ་བ་ ༧ ཚེས་ ༡ ཉིན་བུ་དང་བུ་མོ་གཉིས་ཀ་བསྡོམས། སློབ་ཕྲུག་ ༤༥ ཐོག་ནས་བོན་བུ་ཁྱིམ་ཁང་འདི་དབུ་འཛུགས་ཞུས་པ་བཅས་ནི་བུ་ཁྱིམ་ཁང་འདི་སྐྱེ་བ་བཞེས་པའི་ལེའུ་ཚན་ལྟ་བུ་ཞིག་གོ
༡༩༩༠ ལོར་རང་གཞུང་ཤེས་རིག་ལ་སྔ་ཕྱི་རིམ་པར་ཉལ་ཁང་གི་དངོས་ཡོད་དཀའ་ངལ་སེལ་ཐབས་དབུ་འདྲེན་རོགས་སྐྱོར་གནང་རེའི་འཆར་གཞི་ཕུལ་དོན་བཞིན། བུ་དང་བུ་མོའི་ཉལ་ཁང་རེ་དང་། གསོལ་ཚིགས་ཁང་། གསོལ་ཐབ་ཁང་ཆུང་ཆུང་ཞིག་བཅས། ལྕགས་ཤོག་ཐོག་ཅན་གྱི་གྱང་ཁང་སྟབས་བདེ་བཞི་གསར་རྒྱག་ཐུབ་སྟེ། མཐར་ཕྲུ་གུ་ཚོ་བྱ་དེ་གསོ་ཁང་རྙིང་པ་ནས་ད་ལྟའི་བུ་ཁྱིམ་ཡོད་སར་གནས་སྤོས་བྱས་ནས་ཅུང་ཙམ་ཡར་རྒྱས་ཀྱི་རྣམ་པར་བསྒྱུར་ཐུབ་པ་བྱུང་།
དེ་ནས་ ༡༩༩༠ ལོར་ཕྲན་རང་ཐོག་མར་ཕྱིར་བསྐྱོད་ཀྱི་གྲ་སྒྲིག་གཞི་ནས་བྱུང་། དེའང་ད་ལྟ་རང་གི་སློབ་མ་རྙིང་གྲས་བོན་གྱི་ཆོས་རིག་ལ་དག་སྣང་དང་མོས་གུས་རྩེ་གཅིག་ཏུ་བྱེད་མཁན་ཨ་རི་བ་ Miss. Barbar Bradshaw མཆོག་གིས་ཐབས་ཤེས་བྱས་པའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན། དེར་བརྟེན་ཁོང་བོན་བུ་ཁྱིམ་ཁང་ལ་ཆེས་བཀའ་དྲིན་ཆེན་པོ་ཡིན། ཕྲན་རང་ཕྱིར་བསྐྱོད་བྱས་པའི་སྐབས་བུ་ཁྱིམ་ལ་དམིགས་བསལ་ལས་བྱེད་མེད། ཡིན་ནའང་དེ་དུས་༸རྒྱལ་བ་སྨན་རི་བའི་ཐུགས་རྗེའི་བཀའ་དྲིན་འོག་སྨན་དགོན་གྱི་གྲྭ་པ་འགའ་ཤས་ཀྱིས་ལས་ཁང་གི་ལས་དོན་གང་ཡོད་ཐུགས་འགན་བཞེས་པ་དང་། ཡང་མཚམས་རེར་སྐབས་དེའི་བོན་གཞིས་ལས་ཁང་ནས་ཀྱང་རོགས་སྐྱོར་གནང་སྟེ་ལས་དོན་འཐུས་ཤོར་མ་བྱུང་བ་ནི་ཧ་ཅང་གི་ཕན་ཐོགས་དང་དགའ་འོས་པའི་རྒྱབ་སྐྱོར་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ནས་རིམ་བཞིན་ལས་ཁང་དུ་ལས་བྱེད་གཏན་སྡོད་དང་། སྡེ་ཚན་སོ་སོའི་ལས་ཁང་ཟུར་འཛུགས་དང་། ལས་བྱེད་སོ་སོར་བསྐོ་གཞག་བྱས་པས་ལས་དོན་གང་ཅིར་ཚགས་ཚུད་ཁམས་དྭངས་བྱུང་། ད་ལྟའི་ཆར་བུ་ཁྱིམ་དུ་ལས་བྱེད་ཆེ་ཕྲ་བསྡོམས་ ༡༤ ཡོད་ཅིང་། ཁོང་རྣམ་པས་ལྷག་བསམ་ཆེ་བསྐྱེད་ཐོག་རང་འཁྲིའི་ལས་འགན་འཐུས་ཚང་ཟོལ་མེད་གནང་དང་གནང་བཞིན་པ་ནི་ཡི་རང་གི་གནས་སུ་མཐོང། ད་ཆ་བུ་ཁྱིམ་ཁང་འདི་ཡུལ་ཁྲིམས་དང་མཐུན་པའི་སྤྱི་ཚོགས་ཞབས་ཞུའི་ཁེ་མེད་ཚོགས་པ་ཚད་ལྡན་ཞིག་ཡིན། དེའང་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་དང་། ༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་རྣམ་གཉིས་ཀྱི་ཐུགས་རྗེའི་བྱིན་རླབས་དང་། སྦྱིན་བདག་རྣམས་ཀྱི་གཏོང་ཕོད། ལས་བྱེད་རྣམ་པའི་དྲང་བདེན་ལྷག་བསམ་གྱི་ཞབས་ཞུ་ལ་བརྟེན་ནས་བྱུང་བ་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད།
ཕྲུ་གུ་འཇུག་བཞེས་བྱེད་སྟངས་སྐོར། ཐོག་མའི་དམིགས་ཡུལ་ལྟར། ཕྱོགས་མཐར་གནས་པའི་རང་རེ་བོན་གྱི་ཕྲུ་གུར་དངོས་འབྲེལ་ཕ་མའི་ངོོས་ནས་སློབ་ཡོན་སྦྱོར་མི་ཐུབ་པའི་རིགས་ལ། ས་གནས་དེ་གའི་བོན་པོའི་ཚོགས་པ་ཡོད་ཚེ་རབ་དང་། དེ་མིན་དེ་གའི་རྒན་རབས་སོགས་ཆ་འཇོག་འོས་པ་ཞིག་གིས་གནད་དོན་དེ་དངོས་འབྲེལ་ཡིན་པའི་རྒྱབ་གཉེར་ཡོད་རིགས་ལ་གོ་སྐབས་གཙོ་བོར་འབུལ་བཞིན་པ་དང་། གཞན་ཡང་ཕ་མ་ཉམ་ཐག་དངོས་འབྲེལ་ཡིན་ཚེ། ཆོས་ལུགས་དང་ཆོལ་ཁ་རིས་སུ་མ་ཆད་པར་ཕྲུ་གུའི་མི་ཚེ་གལ་ཆེན་བརྩིས་ཏེ། འཇུག་འཐུས་ཀྱི་གོ་སྐབས་ཕུལ་དང་འབུལ་བཞིན་པ་ཙམ་དུ་མ་ཟད། བུ་ཁྱིམ་འདིའི་ཕྲུ་གུ་ཚང་མར་མཐུན་རྐྱེན་འདྲ་མཉམ་ལས་བཟང་ངན་དབྱེ་འབྱེད་མེད་པ་ཀུན་གྱིས་མཁྱེན་གསལ་ལྟར་ཡིན། ད་ལྟའི་ཆར་བོན་བུ་ཁྱིམ་ཁང་དུ་བུ་ལས་བུ་མོ་མང་བ་ཡོད། དེ་ནི་ངའི་དམིགས་ཡུལ་གཙོ་བོ་བུ་མོ་ཚོ་མ་འོངས་པར་ཨ་མ་བཟང་པོ་ཞིག་འབྱུང་རེས་གལ་ཆེར་མཐོང་གི་ཡོད། ང་རང་ཚོའི་མི་ཚེའི་ནང་ཤུགས་རྐྱེན་ཆེ་ཤོས་དེ་སྐྱེས་མ་ཐག་ནས་ཨ་མ་དང་ཧ་ཅང་འབྲེལ་ཆེ་བས། གལ་ཏེ་ཨ་མ་དེ་ཤེས་ཡོན་ཅན་ཞིག་དང་། ཡ་རབས་བཟང་སྤྱོད་ལྡན་ལ་ཆོས་རིག་གོམས་གཤིས་སོགས་ལ་མཁྱེན་རྟོགས་དང་ཡིད་ཆེས་ཡོད་པའི་ཨ་མ་ཚད་ལྡན་ཞིག་ཡིན་ན། དེས་རང་གི་ཕྲུ་གུར་ཉིན་ལྟར་ཡ་རབས་བཟང་སྤྱོད་དང་། ཤེས་ཡོན་གྱི་ལམ་སྟོན་བྱེད་པས་ཨ་མས་ཕྲུ་གུའི་བརྒྱ་ཆའི་བརྒྱད་ཅུ་ཙམ་སྣེ་ཁྲིད་བྱེད་ཐུབ་ཀྱི་ཡོད་སྟབས། མ་འོངས་སྤྱི་ཚོགས་བཟང་པོ་ཞིག་གི་འཛུགས་སྐྲུན་ལ་རླབས་ཆེན་གྱི་ཕན་ཐོགས་འབྱུང་རེས་བུ་མོར་དོ་སྣང་དང་གོ་སྐབས་དམིགས་བསལ་འབུལ་དགོས་པའི་རྒྱུ་མཚན་ཡང་དེ་ཡིན།
འཛིན་སྐྱོང་སྡེ་ཚན་ཁག
སྐབས་དེར་བུ་ཁྱིམ་ཚོགས་པ་གསར་འཛུགས་ཐད། རང་ཉིད་ལ་ཉམས་མྱོང་ཞན་ཁར་དཔལ་འབྱོར་གྱི་ཡོང་ཁུངས་རོགས་ཚོགས་གང་ལ་ཡང་འབྲེལ་བ་མེད་སྟབས། འབྲེལ་ཡོད་ཕ་མ་ཚོར་གོ་སྐོན་དང་རེ་བསྐུལ་ཞུས་ཏེ། ཕ་མ་སོ་སོའི་ངོས་ནས་གནས་སྐབས་སྦྱིན་བདག་ཐབས་འཚོལ་མ་བྱུང་བར་དུ་ཕྲུ་གུའི་ལྟོ་དོད་དུ་ཟླ་རེར་ཧིན་སྒོར་ ༡༨༠ གནང་ཐབས་དང་། གལ་སྲིད་སྦྱིན་བདག་རེག་ཚེ་ལྟོ་དོད་འབུལ་མི་དགོས་པར་ཁས་ལེན་ཞུས་དོན་ལ་ཀུན་གྱིས་བསམ་ཤེས་དང་ཕྱར་གྲུ་མཉམ་འདེགས་གནང་བ་ནི་ཧ་ཅང་བཀའ་དྲིན་ཆེ་བར་བྱུང་། འོན་ཀྱང་དེ་ཙམ་གྱིས་གནས་མལ་དང་། ཤེས་ཡོན། འཕྲོད་བསྟེན་སོགས་ཀྱི་འགྲོ་གྲོན་ལ་འདང་ཐབས་མེད་ཕྱིར། རང་གིས་གཞན་ནས་ཐབས་འཚོལ་འབད་བརྩོན་བྱས་ཏེ། ཕྲུ་གུའི་ཕ་མ་ཚོས་ལྟོ་དོད་འབུལ་མི་དགོས་པའི་ཁར་ས་གནས་ཉིན་སློབ་ཐོན་རྗེས་ཕྱོགས་མཐའི་སློབ་གྲྭ་ཁག་ལ་སློབ་འཇུག་དང་། མཐོ་རིམ་སློབ་མཐར་མ་སོན་བར་གྱི་སློབ་ཡོན་དང་། མཐའ་ནའང་སློབ་ཕྲུག་སོ་སོའི་ཟུར་གྱི་འགྲོ་སོང་བཅས་ཆ་ཚང་བུ་ཁྱིམ་ནས་ནར་གཏོང་བྱས་དང་བྱེད་བཞིན་པ་ཡིན། ཡིན་ནའང་འགའ་ཞིག་རྒྱུ་རྐྱེན་སྣ་ཚོགས་དབང་གིས་སློབ་མཚམས་འཇོག་དགོས་བྱུང་རིགས་ཚོ་ལའང་དམིགས་བསལ་ལག་ཤེས་འདྲ་མིན། དཔེར་ན། སྐྲ་བཟོ་དང་། མ་བྱན་སོགས་མདོར་ན་རང་གི་མི་ཚེར་ཕན་པའི་ལག་ཤེས་སྦྱོང་བརྡར་ཆེད་བུ་ཁྱིམ་ངོས་ནས་ཁང་གླ་དང་། ལམ་གྲོན། སྨན་དོད་བཅས་ཀྱི་འགྲོ་སོང་ཆ་ཚང་ཕུལ་དང་འབུལ་བཞིན་ཡོད། མདོར་ན། བོན་བུ་ཁྱིམ་ཁང་འདི་ནི་རང་རེ་བོན་པོའི་སྤྱི་ཚོགས་ནང་དངོས་ཡོད་ཕ་མ་ཉམ་ཐག་སོ་སོའི་ཕྲུ་གུ་ལ་སློབ་གྲོན་བཏང་མ་ཐུབ་པར་བུ་ཁྱིམ་འདིར་འབྱོར་བ་རྣམས་སྔོན་འགྲོའི་འཛིན་རིམ་ནས་གཙུག་ལག་སློབ་ཐོན་བར་གནས་མལ་ཟས་གོས་ཤེས་ཡོན་འཕྲོད་བསྟེན་སོགས་དགོས་ངེས་ཀྱི་མཐུན་རྐྱེན་ཆ་ཚང་འདི་བཞིན་སྦྱོར་མཁན་གྱི་ཚོགས་པ་དང་པོ་ཡིན་ཞེས་བཤད་ནའང་དོན་ལ་གནས་པར་སེམས། ད་ལྟའི་ཆར་བོན་བུ་ཁྱིམ་ཁང་གིས་ལྟ་རྟོག་བྱེད་ཡུལ་བུ་ཁྱིམ་རང་དུ་གཏན་སྡོད་དང་། ཕྱོགས་མཐར་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་བཅས་བསྡོམས་ ༣༠༠ ལྷག་ཙམ་ཡོད།
གྲུབ་འབྲས། བོན་བུ་ཁྱིམ་ཁང་དབུ་འཛུགས་བྱས་པ་ནས་ད་ལྟའི་བར་ཕྲུ་གུ་ཕོ་མོ་གྲངས་ ༥༦༢ འཛུལ་ཞུགས་བྱས་ཡོད་ལ་དེ་ཡི་ནང་ནས་འགའ་ཞིག་ཙམ་ལས་མང་ཆེ་བ་སློབ་མཐར་ཕྱིན་ཏེ། རྒྱལ་ཕྱི་ནང་གང་སར་གནས་ཡོད་ལས་གཉེར་བ། སྨན་པ་དང་། རྩིས་པ། དགེ་རྒན། དྲུང་ཡིག སྨན་ཞབས་པ། འཕྲོད་ལས་པ་སོགས་སྤྱི་ཚོགས་ཞབས་ཞུ་བའི་རིགས་དང་། ཡང་ན་སྒེར་སོ་སོའི་ཚོང་ལས་འདྲ་མིན་སོགས་མི་ཚེ་ཡིག་རྨོངས་ཀྱི་རྒྱ་ལས་གྲོལ་ཏེ། བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་གནས་ཡོད་པ་ནི་སྦྱིན་བདག་རྣམས་པའི་རོགས་སྐྱོར་དང་། ལས་བྱེད་རྣམ་པས་ལོ་ནས་ལོར་མཐུད་དེ་སྐུ་ངལ་འཛེམས་མེད་ཀྱིས་འཚོ་སྐྱོང་བྱས་པའི་འབྲས་བུ་དུས་སུ་སྨིན་པ་རེད་ལ། ལྷག་དོན་འདི་དག་ཀུན། བཀའ་དྲིན་སུམ་ལྡན་གྱི་དྲིན་ཆེན་རྩ་བའི་བླ་མ་༸སྐྱབས་རྗེ རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་དང་། ༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རྣམ་གཉིས་ཀྱི་ཐུགས་རྗེའི་བྱིན་རླབས་དང་། དབུ་ཁྲིད་ལམ་སྟོན་བཅས་ལ་བརྟེན་ནས་བྱུང་བ་ལགས་ན་བཅོས་མིན་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞེས་ཞུ་རྒྱུ་ཡིན།
སྡེ་ཚན་ཁག
ད་ལྟའི་ཆར། ཡིག་ཚང་ཨ་མ་གཅིག་དང་། དེའི་ནང་དབུ་འཛིན་ལས་ཁང་དང། དེ་བཞིན་དྲུང་ཡིག འབྲེལ་འཐུད་འགན་འཛིན། རྩིས་པ། རྩིས་པའི་ལས་རོགས། དངུལ་གཉེར། འཆར་འགོད་བཅས་ཀྱི་འཛིན་སྐྱོང་སྡེ་ཚན་བཅས་ཡོད་ལ། གཞན་ཡང་བྱམས་བརྩེའི་འཕྲོད་ལས་ཁང་ཞེས་འཕྲོད་བསྟེན་སྡེ་ཚན་དང་། རྩ་བའི་བུ་དང་བུ་མོའི་ཉལ་ཁང་སྡེ་ཚན་གཉིས་ཡོད་པའི་བུ་ཡི་ཉལ་ཁང་ལའང་ཀོང་ཙེ་ཁང་དང་། གཉའ་ཁྲི་ཁང་། བསམ་ལེགས་ཁང་བཅས་གསུམ་དང། བུ་མོ་ལའང་ནེའུ་ཆེན་ཁང་དང། ནེའུ་ཆུང་ཁང་གཉིས་ཡོད། ནེའུ་ཆེན་ཁང་དུ་བུ་མོ་རྒན་པ་གཉིས་རེ་མཉམ་སྡོད་བྱེད་སའི་ཁང་མིག་བཅུ་གཉིས་དང་། བུ་མོ་འབྲིང་བ་ཚོ་སྤྱི་ཉལ་ཁང་མིག་སྡེ་ཚན་གཉིས་བཅས་ཡོད། ནེའུ་ཆུང་ཁང་དུ་ཉལ་ཁྲི་ཐོག་བརྩེགས་ཅན་བུ་མོ་ཆུང་ཤོས་མ་མས་ལྟ་རྟོག་བྱེད་དགོས་རིགས་ཀྱི་སྤྱི་ཉལ་ཁང་གཉིས་ཡོད། ཉལ་ཁང་གཉིས་ཀར་ལ་ཟུར་དུ་མ་མའི་ལས་ཤག་དང། ཁྲུས་ཁང་གསང་སྤྱོད་མཉམ་སྦྱར་ཅན་ཅིག་དང་། རྒྱལ་གཤེན་དཔེ་མཛོད་ཅེས། དཔེ་མཛོད་ཆུང་ཆུང་ཞིག་དང། གྱོན་ཆས་ཁྲུས་ཁང་བཅས་ཡོད། བོན་བུ་ཁྱིམ་ཁང་ཐོག་མར་དབུ་འཛུགས་བྱུང་རིིམ་དང་། བར་དུ་འཛིན་སྐྱོང་ནས་ད་ལྟའི་གནས་སྟངས་བཅས་ཀྱི་ངོ་སྤྲོད་རོབ་བསྡུས་ཙམ་ཞིག་མཁྱེན་རྟོགས་སླད་དུ་ཞུས་པའོ།། བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པས།