༢༠༡༣ ཟླ་༧ ཚེས་ ༣ རེས་གཟའ་ལྷག་པ།
༄༅། །རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ལི་ཐུ་ཝེ་ནི་ཡའི་རྒྱལ་ཁབ་ངོས་ནས་བོད་ཀྱི་གནད་དོན་ལ་མུ་མཐུད་ནས་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་པ་དང་ཆབས་ཅིག་ཡུ་རོབ་མཐུན་ཚོོགས་ཀྱི་སྲིད་འཛིན་གྱི་འགན་ཁུར་བཞེས་པའི་དུས་ཡུན་དེའི་རིང་བོད་ཀྱི་གནད་དོན་དེ་བཞིན་ཡུ་རོབ་མཐུན་ཚོགས་ཀྱི་ཆབ་སྲིད་གྲོས་གཞི་གཙོ་གྲས་ཁོངས་སུ་ངོས་འཛིན་གྱིས་གླེང་སློང་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུག
དེ་ཡང་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཡུ་རོབ་མཐུན་ཚོགས་ཁོངས་ཀྱི་ཚོགས་མི་རྒྱལ་ཁབ་ ༢༨ ཡོད་པ་རྣམས་ནས་ཟླ་བ་དྲུག་རེའི་མཚམས་སུ་ཚོགས་མི་ནང་ཁུལ་རེས་མོས་ཀྱིས་ཡུ་རོབ་གྲོས་ཚོགས་ཀྱི་སྲིད་འཛིན་གྱི་འགན་ཁུར་བཞེས་ཀྱི་ཡོད་པ་ལྟར། ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡ ནས་འདི་ལོའི་ལོ་མཇུག་བར་ཡུ་རོབ་མཐུན་ཚོགས་ཀྱི་སྲིད་འཛིན་གྱི་ལས་གནས་དེ་བཞིན་ལི་ཐུ་ཝེ་ནི་ཡའི་རྒྱལ་ཁབ་ནས་བཞེས་ཡོད་པར་བརྟེན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ལི་ཐུ་ཝེ་ནི་ཡའི་རྒྱལ་ཁབ་ངོས་ནས་སྔར་བཞིན་བོད་ཀྱི་གནད་དོན་ལ་མུ་མཐུད་ནས་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་བསྒྲགས་གཏམ་ཞིག་ཡོད་པའི་ཁྲོད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྦར་ས་སི་ཡན་ལག་ལས་ཁུངས་ཀྱིས་ཡུ་རོབ་མཐུན་ཚོགས་ཀྱི་སྲིད་བྱུས་དང་འབྲེལ་བའི་ལས་དོན་འགན་འཛིན་སྐུ་ཞབས་ཝེ་སི་མན་ཌེ་ལགས་ཀྱིས་གསུང་གསལ། ལི་ཐུ་ཝེ་ནི་ཡའི་རྒྱལ་ཁབ་ནི་དེ་སྔོན་ཨུ་རུ་སུའི་དམར་ཤོག་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཚུད་ཡོད་པའི་དུས་སྐབས་དེའི་རིང་ལ་སྡུག་སྦྱོང་ཧ་ཅང་མང་པོ་མྱངས་ཡོད་པའི་རྒྱལ་ཁབ་ཅིག་ཆགས་ཡོད་སྟབས། རྒྱལ་ཁབ་དེའི་ངོས་ནས་བོད་མིའི་དཀའ་སྡུག་ལ་བསམ་གཞིགས་ཐུབ་ཀྱི་ཡོད། ལི་ཐུ་ཝེ་ནི་ཡའི་རྒྱལ་ཁབ་དེ་བཞིན་ཡུ་རོབ་ཀྱི་རྒྱལ་ཁབ་གཞན་དང་མི་འདྲ་བར་རྒྱལ་ཁབ་དེའི་གྲོས་ཚོགས་འཐུས་མིའི་ངོས་ནས་ཉེ་ཆར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ལ་ཆེ་བསྟོད་ཀྱི་མཇལ་མོལ་གནང་སྟེ་བོད་དོན་གླེང་སློང་གནང་ཡོད། དེ་བཞིན་ཕྱི་ཟླ་དགུ་པའི་ནང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཁུལ་དེར་ཆིབས་སྒྱུར་བསྐྱང་གཏན་འཁེལ་ཡོད་པར་བརྟེན་དེའི་ཐོག་ངང་སྒུག་ཆེན་པོ་ཞུ་བཞིན་ཡོད་སྐོར་གསུངས་འདུག
ལྷག་པར་བསྒྲགས་གཏམ་དེའི་ཁྲོད་ཡུ་རོབ་གྲོས་ཚོགས་ནང་གི་ལི་ཐུ་ཝེ་ནི་ཡའི་འཐུས་མི་སྐུ་ཞབས་ལི་ན་ཝར་ཌོ་ཌོན་སི་ལགས་ཀྱིས་གསུང་གསལ། རྒྱལ་ཁབ་དེའི་ནང་ཡོད་པའི་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཁག་ནས་བོད་ཀྱི་འཐབ་རྩོད་ལ་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་ཞུ་མཁན་ཤ་སྟག་ཆགས་ཀྱི་ཡོད། གང་ལ་ཞེ་ན། ཁོང་ཚོ་མང་ཆེ་བ་དེ་སྔོན་བོད་མི་ཚོ་དང་གཅིག་མཚུངས་ཨུ་རུ་སུའི་དབང་འཛིན་རྒྱལ་ཁབ་འོག་ལོ་མང་རིང་དཀའ་སྡུག་ཚད་མེད་མྱངས་མྱོང་མཁན་ཞིག་ཡིན་སྟབས། ལི་ཐུ་ཝེ་ནི་ཡའི་རྒྱལ་ཁབ་ངོས་ནས་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོའི་འགན་ཁུར་བཞེས་རིང་བོད་ཀྱི་གནད་དོན་དེ་བཞིན་ཡུ་རོབ་མཐུན་ཚོགས་ཀྱི་ཆབ་སྲིད་ཀྱི་གྲོས་གཞི་གཙོ་གྲས་ཁོངས་སུ་འཇོག་རྒྱུ་ཙམ་མ་ཟད། ད་བར་བོད་མི་ཚོས་འཐབ་རྩོད་བྱེད་བཞིན་པའི་རང་སྲིད་རང་སྐྱོང་གི་ཐོབ་ཐང་དང་། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ང་ཚོ་ལི་ཐུ་ནི་ཡའི་རྒྱལ་ཁབ་ངོས་ནས་ཕན་ཐོགས་ཆེན་པོ་བསྒྲུབ་ཐུབ་པའི་རེ་ཡོད་སྐོར་གསུངས་འདུག་པ་བཅས། །