༢༠༡༣ ཟླ་ ༧ ཚེས་ ༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༣ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་རྡ་ས་ནས་ཕྱི་དྲོ་ཆུ་ཚོད་ ༡༢།༠༠ ཐོག་གྷ་གལ་བརྒྱུད་ལྡི་ལིར་ཕེབས་འབྱོར་གནང་རྒྱུ་དང་། ཕྱི་ཚེས་ ༤ ཉིན་ཐོ་རངས་ཆུ་ཚོད་ ༡།༡༥ ཐོག་ལྡི་ལི་ནས་ཐོན་ཏེ་སྔ་དྲོ་ཆུ་ཚོད་ ༦།༢༠ ཐོག་སུད་སི་ཛུ་རིཀ་ཏུ་ཕེབས་འབྱོར་གནང་རྒྱུ་ཡིན་འདུག དེ་རྗེས་ཛུ་རིཀ་ནས་མེ་འཁོར་བརྒྱུད་ཨི་ཊ་ལིའི་རང་སྐྱོང་མངའ་ཁུལ་ཊོ་རི་ནོ་རུ་ཕེབས་འབྱོར་གནང་སྟེ། ཕྱི་ཚེས་ ༥ ནས་ ༧ བར་ཁུལ་དེར་གཞུང་འབྲེལ་ལས་དོན་ཐོག་མཉམ་ཞུགས་གནང་རྒྱུ་དང་། ཕྱི་ཚེས་ ༨ ནས་ ༡༠ བར་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཨི་ཊ་ལིའི་རྒྱལ་ས་རོམ་དུ་ཨི་ཊ་ལིའི་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་ཀྱིས་ཨི་ཊ་ལིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བསྐྱར་གསོ་དང་གྲོས་ཚོགས་འཐུས་མི་འགའ་ཤས་བསྡུས་པའི་ལྷན་ཚོགས་སུ་མཉམ་ཞུགས་གནང་རྒྱུ་ཡིན་འདུག དེ་རྗེེས་ཕྱི་ཚེས་ ༡༡ ཉིན་རོམ་ནས་ཛུ་རིཀ་ལ་འབྱོར་གྲུབ་མཚམས། ཁུལ་དེར་ཕྱི་ཚེས་ ༡༢ ནས་ ༡༥ བར་གཞུང་འབྲེལ་ལས་དོན་གནང་རྒྱུ་དང་། ཕྱི་ཚེས་ ༡༣ ཉིན་སྤྱི་འཐུས་ཚོགས་གཙོ་མཆོག་སུད་སི་བོད་རིགས་རྣམས་ལ་གཏམ་བཤད་གནང་རྒྱུ་མ་ཟད། ཕྱི་ཚེས་ ༡༦ ཉིན་སུད་སིའི་གནད་ཡོད་མི་སྣ་དང་ལྷན་མཇལ་འཕྲད་གནང་རྒྱུ་ཡིན་འདུག་པ་བཅས།།