༢༠༡༣ ཟླ་ ༧ ཚེས་ ༢ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༣ ནས་ཚེས་ ༦ བར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་སྒྱུར་དང་བསྟུན་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་རྒྱུའི་མཛད་སྒོར་མཉམ་ཞུགས་དང། དེ་བཞིན་ཕྱི་ཚེས་ ༧ ནས་ ༡༤ བར་རྒྱ་གར་བྱང་ཕྱོགས་ཨུ་ཏྟརཱ་ཁཎཌ་དང་ཧི་མཱ་ཅལ་ཁུལ་དུ་ཡོད་པའི་བོད་མིའི་གཞིས་སྒར་ཁག་གཅིག་ཏུ་གཟིགས་སྐོར་ཕེབས་གཏན་འཁེལ་ཡོད་འདུག
དེ་ཡང་སྲིད་སྐྱོང་མཆོག་ཕྱི་ཟླ་ ༧ ཚེས་ ༣ ཉིན་རྡ་ས་ནས་ཅཀྐཱི་བྷེངྐ་བརྒྱུད་ལྡི་ལིར་ཕེབས་ཐོན་གྱིས་ཕྱི་ཚེས་ ༤ ཉིན་ཨོ་སི་ཊོ་ལིཡའི་ཨེ་བྷི་སི་བརྙན་འཕྲིན་ལས་ཁང་གིས་ (Australia ABC Television) བཅར་འདྲིདང་ལེན་གནང་རྒྱུ་དང། ཕྱི་ཚེས་ ༥ ཉིན་ལྡི་ལི་ནས་སྦེང་ལོར་བརྒྱུད་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་ཕེབས་རྒྱུ། ཕྱི་ཚེས་ ༦ ཉིན་སྐུའི་འཁྲུངས་སྐར་གྱི་མཛད་སྒོར་མཉམ་ཞུགས་གནང་རྒྱུ།
ཕྱི་ཚེས་ ༧ ཉིན་སྦེལ་ཀོབ་ནས་སྦེང་ལོར་དང་ལྡི་ལི་བརྒྱུད་སྡེ་ར་ལྡུན་དུ་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༨ ཉིན་སྡེ་ར་ལྡུན་དུ་ཕེབས་འབྱོར་གྱིས་བདེ་སྐྱིད་གླིང་གཞིས་ཆགས་སུ་ཕེབས་ཐོན། དེ་ནས་ཕྱི་ཚེས་ ༡༤ བར་ཨུཏྟརཱ་ཁཎཌ་དང་ཧི་མཱ་ཅལ་ཁུལ་དུ་ཡོད་པའི་བོད་མིའི་གཞིས་སྒར་དང་སློབ་གྲྭ་ཁག་གཅིག་ཏུ་གཟིགས་སྐོར་གནང་རྒྱུ་ཡིན་འདུག ཕྱི་ཚེས་ ༡༤ ཉིན་ཀམ་རའོ་ནས་རྡ་སར་ཕེབས་ཐོན་གནང་རྒྱུ་ཡིན་འདུག་པ་བཅས།།