༢༠༡༣ ཟླ་ ༧ ཚེས་ ༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ པའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་གཟིམ་ཆུང་ནས་ཝི་ཏི་ནམ་གྱི་དད་ལྡན་ཆོས་ཞུ་བའི་སྐུ་ཚབ་ཀྱིས་སྤོས་སྣེས་སྔོན་བསུས་ཏེ་གཙུག་ལག་ཁང་གི་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་བསྟུན་ཆོས་སྤྱོད་ཁག་དང་ཤེས་རབ་སྙིང་པོ་གསུང་འདོན་གནང་རྗེས་མགོན་པོ་གང་ཉིད་མཆོག་གིས་སྔོན་འགྲོའི་ཆོས་འབྲེལ་སྐབས་བཀའ་སློབ་ཕེབས་དོན། སངས་རྒྱས་པའི་ཆོས་པ་ཞིག་གི་ངོས་ནས་བཤད་ན། སངས་རྒྱས་བཅོམ་ལྡན་འདས་བྱོན་ནས་ལོ་ཉིས་སྟོང་དྲུག་བརྒྱ་ཙམ་ཕྱིན་ཡོད། ཀླུ་སྒྲུབ་ལ་སོགས་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་དེ་དག་ང་ཚོས་མཚན་ཙམ་ཐོས་རྒྱུ་མ་གཏོགས་མེད་ཀྱང་། བཅོམ་ལྡན་འདས་རང་ཉིད་ཀྱིས་གསུངས་པའི་ཤེར་ཕྱིན་གྱི་མདོ་གཙོ་བོར་གྱུར་པའི་གསུང་རབ་མང་པོ་ཞིག་ང་ཚོས་མཇལ་ཐུབ་རྒྱུ་ཡོད།
དེ་བཞིན་ཀླུ་སྒྲུབ་ཡབ་སྲས་སོགས་ཀྱི་རྨད་དུ་བྱུང་བའི་ལེགས་བཤད་མང་པོ་ཞིག་ང་ཚོས་མཇལ་རྒྱུ་ཡོད་པ་མ་ཟད། ཐོས་བསམ་སྒོམ་གསུམ་བྱས་ཏེ་ཉམས་ལེན་བྱེད་རྒྱུའི་གོ་སྐབས་ཡོད་པ་ཞིག་ཆགས་ཡོད་པས་ང་ཚོ་སྐལ་པ་བཟང་པོ་རེད། ད་ལྟ་ང་ཚོ་དུས་རབས་ཉེར་གཅིག་པའི་ནང་སླེབས་ཡོད། ཚན་རིག་ཡར་རྒྱས་ཕྱིན་པའི་སྐབས་ལ་སངས་རྒྱས་པའི་གཞུང་ནས་གསུངས་པའི་སེམས་ཁམས་རིག་པའི་རྣམ་གཞག་དང་། ལྟ་གྲུབ་རིགས་མང་པོ་ཞིག་དེང་སང་ཚན་རིག་དང་འཕྲུལ་ཆས་ཡར་རྒྱས་ཕྱིན་པའི་ཐོག་ནས་མངོན་སུམ་ར་འཕྲོད་བྱེད་རྒྱུ་ཡོད་པ་ཞིག་སྔ་མོ་ང་ཚོས་རིག་པ་བསྒྲུབས་པ་དང་། རྣལ་འབྱོར་བའི་ཏིང་ངེ་འཛིན་ཐོག་ནས་མཁྱེན་པ་ཡོང་གི་རེད། གང་ལྟར་གཙོ་བོ་རིག་པས་བསྒྲུབས་ནས་ཡོང་བ་དེ་དག་དེ་རིང་ཁ་སང་འཕྲུལ་ཆས་དང་ཚན་རིག་ཐོག་ནས་དཔེར་ན། ཕྲ་བའི་མི་རྟག་པ་ངོ་སྤྲོད་རྒྱུ་ཡོད།
དེ་བཞིན་ཆོས་ཐམས་ཅད་ལྟོས་ནས་གྲུབ་པ་མ་གཏོགས་ངོ་བོ་ཉིད་ཀྱི་གྲུབ་པ་ཕལ་ཆེར་ཁུན་ཊམ་ཕི་སིག་སི་(Quantum physic) ཟེར་བ་ནས་ར་འཕྲོད་རྒྱུ་ཞིག་ཡོང་གི་ཡོད། དུས་སྐབས་འདིར་སངས་རྒྱས་པའི་ཆོས་ང་ཚོས་ཞེན་ཁོག་བྱས་ཏེ་བཤད་པ་མ་རེད། བློ་གཟུ་བོར་གནས་པའི་ཐོག་ནས་བཤད་ན་ད་ལྟ་ཡིན་རུང་གཟི་འོད་འཕྲོ་བ་ཞིག་དང་། སྔོན་མ་ (Einstein) ཨན་སི་ཊན་གྱིས། སངས་རྒྱས་པའི་ཆོས་དེ་ཚན་རིག་པ་མཉམ་དུ་འགྲོ་ཐུབ་མཁན་ཞིག་རེད། ཅེས་བཤད་ཡོད། དེ་ལྟ་བུའི་ནུབ་ཕྱོགས་ཀྱི་གཏན་ཚིགས་རིག་པའི་མཁས་པ་མང་པོས་སངས་རྒྱས་ཆོས་ལ་དོ་སྣང་དེ་འདྲ་བྱུང་འདུག ང་ཚོ་ནང་པ་ཞིག་གི་ངོས་ནས་སངས་རྒྱས་པའི་ཆོས་ཡག་ཤོས་ཡིན། འཛམ་གླིང་གི་མི་ཚང་མ་སངས་རྒྱས་པའི་ཆོས་བྱེད་དགོས། ཞེས་ཤོད་ཀྱི་མེད་ལ་བཤད་ནའང་ལྐུགས་པ་ཨུ་ཚུགས་རེད་མ་གཏོགས་ཡོང་རྒྱུ་མེད། སོ་སོར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཁམས་དང་མོས་པར་བསྟུན་ནས་གསུངས་ཡོད།
ང་ཚོའི་ཡིན་ཡང་ཁམས་དང་མོས་པ་མི་འདྲ་བར་ཆོས་ལུགས་མི་འདྲ་ཡོད་པ་དེ་དག་ངེས་པར་དུ་དང་ལེན་དང་ངོས་ལེན། བརྩི་བཀུར་བྱེད་དགོས། ང་ཚོ་ནང་པའི་ཆོས་དེ་འཛམ་གླིང་སྤྱིའི་ཐོག་ནས་ཡག་ཤོས་ཡིན། ཞེས་ངོས་ཀྱིས་ནམ་ཡང་ཤོད་ཀྱི་མེད། ཡག་ཉེས་ཟེར་བ་དེ་ཕན་ནུས་ཆེ་ཆུང་རེད། དེ་ནི་གང་ཟག་ཁམས་དང་དབང་པོ་མི་འདྲ་བ་སོ་སོར་ལྟོས་ཏེ་ཕན་ནུས་ཆེ་ཆུང་ཡོང་གི་རེད། དཔེར་ན། གང་ཟག་གི་ཁམས་དང་མོས་པ་བྱེ་བྲག་ཞིག་གི་ངོ་ལ་འཇིག་རྟེན་བཀོད་པ་པོའི་ལྟ་གྲུབ་དང་འབྲེལ་བའི་ཆོས་ལུགས་ནུས་པ་ཆེ་བ་ཡོད། གང་ཟག་ཁམས་དང་དབང་པོ་མི་འདྲ་བ་ཞིག་ལ་རྒྱུ་འབྲས་ཀྱི་ཆོས་ཧ་ཅང་ཕན་ཐོགས་ཡོད།
ཡང་གང་ཟག་དབང་པོ་མི་འདྲ་བ་ཞིག་ལ་ཕུང་པོ་ལས་དོན་གཞན་པའི་རྟག་གཅིག་རང་དབང་མེད་པའི་བདག་གི་ལྟ་གྲུབ་དེས་ཕན་གྱི་ཡོད། སངས་རྒྱས་པའི་ཆོས་པ་ཞིག་ལ་དེ་ལྟ་བུའི་རྩལ་དུ་བཏོན་ཏེ་བདག་མེད་པ་གྲུབ་པ་དེས་སེམས་ཀྱི་འཛིན་པ་དམ་པོ་དེར་ལྷོད་རྒྱུར་ཧ་ཅང་ཕན་རྒྱུ་ཡོད་པ་ཞིག་ཆགས་འདུག སོ་སོའི་ཁམས་དང་མོས་པར་བསྟུན་ཏེ་ཡག་ཉེས་འབྱེད་རྒྱུ་རེད་མ་གཏོགས་སྤྱི་ཡོང་ནས་བཤད་ཐུབ་ཀྱི་མ་རེད། དཔེར་ན། འཛམ་གླིང་འདིའི་སྟེང་སྨན་འདྲ་མིན་ཡོད་པ་ནས་སྨན་གཅིག་སྒྲུག་སྟེ་འདི་ཡག་ཤོས་རེད། ཅེས་ཤོད་ཐུབ་བམ། ནད་པ་སོའི་སོའི་ནད་དང་བསྟུན་ཏེ་ཤོད་རྒྱུ་རེད་མ་གཏོགས་སྨན་གཅིག་སྒྲུག་སྟེ་སྨན་ཡག་ཤོས་ཡིན་པ་སྒྲུབ་ཐུབ་ཀྱི་མ་རེད།
གང་ལྟར་ཝི་ཏི་ནམ་ལ་ཆ་བཞག་ན། སངས་རྒྱས་པའི་ཆོས་ཀྱི་རྗེས་སུ་འབྲངས་ཏེ་ཁྱེད་རང་ཚོ་དད་པ་ཧ་ཅང་ཆེན་པོ་ཡོད། དེ་རིང་ང་ཚོས་འདིར་འདུས་པ་དེ་དག་སོ་སོ་ཕ་མེས་ནས་སངས་རྒྱས་པའི་ཆོས་ཀྱི་རྗེས་འབྲངས་ཡིན་རུང་མིན་རུང། ང་ཚོ་བོད་རིགས་རྣམས་ཕ་མེས་ནས་སངས་རྒྱས་པའི་ཆོས་བྱེད་མཁན་ཆགས་ཡོད། དུས་རབས་བདུན་པ་དང་གཙོ་ཆེ་ཤོས་བརྒྱད་པ་ནས་བཟུང་སྟེ་སངས་རྒྱས་པའི་ཆོས་བྱེད་མཁན་ཞིག་ཆགས་ཡོད། བོད་མི་རིགས་ལ་ཆ་བཞག་ན། སངས་རྒྱས་པའི་ཆོས་དར་རྗེས་བོད་མི་རིགས་ཀྱི་གོམས་གཤིས་དང་གཤིས་ཀར་ཧ་ཅང་འགྱུར་བ་ཕྱིན་པ་གཏན་འཁེལ་རེད།
བོད་མི་རིགས་ཀྱི་རིག་གཞུང་གོམས་གཤིས་བརྗོད་ན། ངོས་ཀྱིས་ནམ་རྒྱུན་བོད་ཀྱི་རིག་གཞུང་དང་གོམས་གཤིས་འཚེ་བ་མེད་པ། ཞི་བདེ། སྙིང་རྗེ་རྩ་བ་ཅན་ཡིན་པ་ཤོད་ཀྱི་ཡོད། དེར་བརྟེན་ང་ཚོ་བོད་པ་དང་ཝི་ཏི་ནམ་དེ་མིན་ཡུལ་གྲུ་ཁག་ནས་ཡོང་བ་དེ་དག་སོ་སོའི་ཕ་མེས་ཀྱི་ཆོས་གང་ཡིན་ཡང་། སོ་སོ་བྱེ་བྲག་པ་ཞིག་གི་ངོས་ནས་སངས་རྒྱས་པའི་ཆོས་ལ་དམིགས་བསལ་དོ་སྣང་བྱས་ཏེ་འདི་གར་ཡོང་བ་རེད། ང་ཚོའི་ངོས་ནས་དལ་བ་དང་འབྱོར་བ་གསུངས་པ་ལྟར། མི་ལུས་འདྲ་འདྲ་བའི་ནང་ནས་མི་ལུས་ཁྱད་པར་ཞིག་ཡིན་པ་ངོ་ཤེས་པ་བྱས་ཏེ། མི་ལུས་ཁྱད་པར་ཅན་ཐོབ་པ་འདི་དོན་དང་ལྡན་པ་ཡོང་རྒྱུར་འབད་བརྩོན་བྱེད་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ་ཏེ་བཀའ་ཆོས་འཕྲོ་སྐྱོང་དབུ་འཛུགས་མཛད་ཡོད་པ་བཅས།།