༢༠༡༣ ཟླ་ ༧ ཚེས་ ༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༨ རེས་གཟའ་པ་སངས་ཉིན་མང་ཚོགས་ཀྱི་དྲི་བར་ལན་འདེབས་གནང་རྒྱུའི་དབྱིན་ཇིའི་གསར་འགྱུར་བརྒྱུད་ལམ་བྷི་བྷི་སིའི་བགྲོ་གླེང་ལྷན་ཚོགས་ BBC’s World Have Your Say programme ཤིག་སྐབས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ UN High Commissioner for Human Rights གི་འགན་འཛིན་ལྕམ་སྐུ་ན་ཝི་པིལ་ལེ་ Navi Pillay མཆོག་གིས་རྒྱ་ནག་གཞུང་ལ་བོད་མིའི་དཀའ་ངལ་སེལ་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་པ་དང་ཆབས་ཅིག་གསུང་དོན། བོད་ནང་གི་དཀའ་ངལ་སེལ་ཆེད་ཆབ་སྲིད་ཀྱི་ཐབས་ལམ་ཞིག་དགོས། རྒྱ་ནག་གཞུང་ནས་བོད་མིའི་དཀའ་ངལ་ལ་བསམ་ཤེས་ཀྱིས་དཀའ་ངལ་སེལ་ཐབས་བྱེད་དགོས། ཞེས་གསུང་པ་དང་སྦྲགས། འདི་ལོའི་ཕྱི་ཟླ་ ༡༠ ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ལྷན་ཁང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་རྟོག་ཞིབ་དང་བསྐྱར་ཞིབ་བྱེད་སྐབས་རྒྱལ་ཁབ་གཞན་དང་ཆ་རྐྱེན་གཅིག་མཚུངས་ཐོག་གནང་རྒྱུ་ཡིན་སྐོར་གསུང་དོན། རྒྱ་ནག་གཞུང་གིས་ང་ལ་མགྲོན་འབོད་བྱས་པར་བརྟེན་ངས་ད་ཐེངས་བོད་ཀྱི་ས་ཁུལ་ཁག་ཏུ་ངེས་པར་དུ་བསྐྱོད་དེ། ས་གནས་ས་ཐོག་ཏུ་དངོས་ཡོད་གནས་ཚུལ་ཇི་ཡིན་ཞིབ་རྩད་བྱ་རྒྱུ་ཡིན། ངས་དེ་སྔ་རྒྱ་ནག་གཞུང་ལ་བོད་ནང་གི་གནས་སྟངས་དེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་མ་བསྙད་པར་བོད་མི་ཚོ་འ་ཆད་འུ་ཐུག་གི་གནས་སུ་གྱར་ནས་རང་སྲེག་གི་ལས་འགུལ་སྤེལ་དགོས་པའི་རྒྱབ་ལྗོངས་ཀྱི་གནས་ཚུལ་ཐོག་དཔྱད་པ་བྱེད་དགོས་པའི་བསྒྲགས་གཏམ་ཞིག་སྤེལ་རྒྱུ་བྱུང། ཞེས་གསུངས་པ་མ་ཟད། མཐའ་དོན་ལྕམ་སྐུ་མཆོག་གིས་འཛམ་གླིང་མི་མང་ཚོས་བོད་མི་ཚོར་ཤ་ཚ་ཡོད་པར་བརྟེན་རང་སྲེག་ལས་འགུལ་མ་སྤེལ་རོགས་ཞེས་འབོད་སྐུལ་ཡང་ཞུས་འདུག་པ་བཅས།།