༢༠༡༣ ཟླ་ ༦ ཚེས་ ༢༨ རེས་གཟའ་པ་སངས།
༄༅། །ཉེ་ལམ་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་ཟུར་པ་སྐུ་ཞབས་ནེལ་སོན་མན་ཌེ་ལ་ Nelson Mandela མཆོག་གི་སྐུ་གཟུགས་གནས་སྟངས་ཛ་དྲག་འོག་གློ་བུར་དུ་སྨན་ཁང་ནང་བསྐྱོད་དགོས་བྱུང་བར་བརྟེན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་གི་སྐུ་གཟུགས་གནས་སྟངས་ཐོག་ཐུགས་འཚབ་ཀྱི་རྣམ་པ་འདོན་གནང་མཛད་པ་དང་སྦྲགས་བཀའ་སློབ་སྩལ་དོན། སྲིད་འཛིན་ཟུར་པ་མན་ཌེ་ལ་མཆོག་སྐུ་ཁམས་བདེ་མིན་གྱི་གནས་ཚུལ་བྱུང་བ་དེ་ནི་ཧ་ཅང་བློ་ཕམ་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཡོད། མི་ཚང་མས་ཁོང་མྱུར་དུ་དྲག་སྐྱེད་ཡོང་ཆེད་སྨོན་ལམ་འདེབས་བཞིན་ཡོད། ཅེས་བཀའ་སྩལ།
སྐུ་ཞབས་མན་ཌེ་ལ་མཆོག་ལ་རྒྱ་གར་གཞུང་གིས་རྒྱལ་ནང་གི་ཆེ་མཐོང་ཆེ་ཤོས་སུ་ངོས་འཛིན་ཞུ་རྒྱུའི་རྒྱ་གར་གྱི་རིན་པོ་ཆེ་ (Bharat Ratna) ཞེས་པའི་གཟེངས་རྟགས་དེ་བཞིན་ཕྱི་ལོ་ ༡༩༩༠ ལོར་ཕུལ་ཡོད། ཁོང་གིས་དེ་སྔ་ལྷོ་ཨ་ཕི་རི་ཀའི་ནང་མི་རིགས་དཀར་ནག་གི་དབྱེ་འབྱེད་ལམ་ལུགས་ལ་ཞི་རྒོལ་གནང་རྐྱེན་བཙོན་ཁང་དུ་མི་ལོ་ ༢༧ བཀག་ཉར་བྱས་མཐར་ཕྱི་ལོ་ ༡༩༩༠ ཕྱི་ཟླ་ ༢ ཚེས་ ༡༡ ཉིན་གློད་བཀྲོལ་ཐོབ་རྗེས་ཕྱི་ལོ་ ༡༩༩༤ ཕྱི་ཟླ་ ༥ ཚེས་ ༡༠ ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་དུ་འོས་འདེམས་བྱུང་ཡོད།།