༢༠༡༣ ཟླ་ ༦ ཚེས་ ༢༧ རེས་གཟའ་ཕུར་བུ།
༄༅། །རྒྱལ་སྤྱིའི་མནར་གཅོད་ཉིན་མོའི་ཉིན་གཅིག་གི་གོང་འཛམ་གླིང་མནར་གཅོད་འགོག་སྲུང་ཚོགས་པའི་ངོས་ནས་རྒྱ་གཞུང་གིས་བཙན་ཁྲིད་བྱས་པའི་བོད་པའི་གླུ་བ་གཉིས་དང་ཁོང་རྣམ་གཉིས་ཀྱི་ཕྱག་རོགས་གཉིས་ཀྱི་གནས་ཚུལ་གསལ་ཁ་སྟོན་དགོས་པའི་རེ་འབོད་བཏོན་འདུག དེ་ཡང་སུད་སིའི་གྲོང་ཁྱེར་ཇི་ནི་ཝའི་ནང་རྟེན་གཞི་བྱས་པའི་གཞུང་འབྲེལ་མིན་པའི་རྒྱལ་སྤྱིའི་ཚོགས་སྡེ་མང་པོ་མཉམ་རུབ་ཀྱིས་ཚོགས་པ་(OMCT) ཞེས་པ་ནི་མང་ཚོགས་ཀྱི་མནར་སྤྱོད་གདུག་རྩུབ་འགོག་ཐབས་གནང་མཁན་དང། དམར་གསོད་ཁྲིམས་ཆད་ལས་འགོག་ཐབས་གནང་མཁན། གཞན་ཡང་གཞུང་ཚོགས་ཁག་གི་འཛིན་བཟུང་བཙན་འཁྱེར་བྱས་པའི་མི་སྣ་གར་སོང་ཆ་མེད་དུ་འགྱུར་བ་རྣམས་འཚོལ་རོགས་བྱེད་མཁན་གྱི་ཚོགས་པ་དེའི་ངོས་ནས་རྒྱ་ནག་གཞུུང་གིས་འཛིན་བཟུང་བཙན་ཁྲིད་བྱས་པའི་བོད་ཀྱི་གླུ་བ་ཕྱག་རྡོར་ལགས་དང་པདྨ་འཕྲིན་ལས་ལགས་གཉིས་ཀྱིས་གཙོས་ཁོང་གཉིས་ཀྱི་རོལ་མོའི་རམ་འདེགས་པ་མཁྱེན་རབ་ལགས་དང་གཞས་ཚིག་རྩོམ་མཁན་ཉག་སྡོམ་པོ་ལགས་བཅས་བོད་མི་བཞི་པོ་གར་ཡོད་གནས་སྟངས་སོགས་ཀྱི་གནས་ཚུལ་ཛ་དྲག་གི་ཐོག་ནས་རྒྱལ་སྤྱིའི་ནང་གསལ་ཁ་སྟོན་དགོས་སྐོར་རྒྱ་གཞུང་ལ་རེ་སྐུལ་གནང་འདུག
དེ་བཞིན་གོང་འཁོད་ཚོགས་པ་དེའི་དྲུང་ཆེས་བདུན་ཕྲག་སྔོན་མའི་ནང་རྒྱ་ནག་གི་འགོ་ཁྲིད་ཁག་གཅིག་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་རྩ་ཁྲིམས་འབྲུ་དོན་གཞིར་བཟུང་དང། ལྷག་དོན་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལས་འགལ་བའི་གདུག་རྩུབ་དང་མནར་སྤྱོད། ཉེས་ཆད་བཀའ་འགོག་གི་འབྲུ་དོན་ཁག་ལ་དོ་གཟབ་ཐོག་རྒྱ་གཞུང་གིས་བཙན་འཁྲིད་བྱས་པའི་བོད་མི་བཞི་པོ་དེ་དག་གར་ཡོད་ཀྱི་གནས་སྟངས་སོགས་འཕྲལ་དུ་གསལ་ཁ་སྟོན་དགོས་པའི་རེ་འབོད་བཏོན་འདུག སྤྱིར་ (OMCT) ཞེས་པའི་ཚོགས་པ་དེས་འཛམ་གླིང་མང་ཚོགས་རྣམས་གདུག་རྩུབ་མནར་སྤྱོད་ལས་སྲུང་སྐྱོབ་གནང་གི་ཡོད་པ་དང། ཚོགས་པ་དེ་བཞིན་ཕྱི་ལོ་ ༡༩༨༥ ལོར་གསར་འཛུགས་བྱས་པ་ཞིག་ཡིན་འདུག ཚོགས་པ་དེའི་ཁོངས་སུ་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་སོགས་ཀྱི་རྒྱལ་སྤྱིའི་ཚོགས་སྡེ་འདྲ་མིན ༣༡༡ ཙམ་ཡོད་པ་དང། ཚོགས་སྡེ་དེ་དག་མཉམ་རུབ་ཐོག་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་སྤྱོད་ཚུལ་ལས་འདས་པའི་མནར་གཅོད་དང་གདུག་རྩུབ། དེ་བཞིན་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་འགྱུར་མི་སྣ་འཚོལ་སྒྲུབ་གནང་རྒྱུར་རོགས་སྐྱོར་གནང་བཞིན་ཡོད་པ་བཅས།།