༢༠༡༣ ཟླ་ ༦ ཚེས་ ༢༤ རེས་གཟའ་ཟླ་བ།
༄༅། །༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མེལ་བྷོན་ཁུལ་དུ་ཉིན་གྲངས་གསུམ་རིང་གི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ་ཕྱི་ཚེས་ ༢༠ ཉིན་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་ཨི་ཌི་ལི་ཌི་(Adelaide) ནང་༸ཞབས་སོར་བདེ་བར་འཁོད་ཡོད། དེ་ཡང་ཕྱི་ཚེས་ ༢༡ ཉིན་༸གོང་ས་མཆོག་གྲོང་སྡེའི་ཚོགས་ཁང་་ (Town Hall) ཞེས་པའི་ཚོགས་ཁང་ཆེན་མོའི་ནང་༸ཞབས་སོར་འཁོད་སྐབས་སྔ་དྲོ་མངའ་སྡེའི་སྤྱི་ཁྱབ་སི་ཊི་ཕིན་ཡར་ཧུ་ཌ་Stephen Yarwood ལགས་ཀྱིས་གཙོས་ཨོ་སི་ཊོ་ལི་གྲོས་ཚོགས་གོང་མའི་འཐུས་མི་སཱ་རཱ་ཧན་སན་ཡང་ Sarah Hanson-Youngལགས་དང། ནིཀ་ཛེ་ནོ་ཕོན་Nick Xenophon ལགས་བཅས་ཀྱིས་གཞུང་འབྲེལ་གྱི་འཚམས་འདྲིའི་སྣེ་ལེན་གཟབ་རྒྱས་ཞུས་འདུག སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་སྤྱི་ཚོགས་དང་བདེ་ཐབས་Community and Well-Being ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་སྩལ་སྐབས་ང་ཚོ་ཚང་མ་འགྲོ་བ་མི་ཞིག་དང་སྤྱི་ཚོགས་སེམས་ཅན་ཞིག་ཆགས་ཡོད་སྟབས། སྤྱི་ཚོགས་དང་མི་གཞན་ཕན་ཚུན་དབར་ལ་འཆམ་མཐུན་ཡོང་བར་གཙོ་བོ་ཡིད་ཆེས་ལ་ཐུགས་ཡོད་སྐོར་སོགས་ཀྱི་བཀའ་སློབ་སྩལ་ཡོད། ༸གོང་ས་མཆོག་གི་བཀའ་སློབ་གྲུབ་མཚམས་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་གོང་མའི་འཐུས་མི་སཱ་རཱ་ཧན་སན་ཡོངྒ་ལགས་ཀྱིས་བོད་ཀྱི་གནད་དོན་དེ་ནི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཞིག་ཆགས་ཀྱི་ཡོད་པ་ལས། རྒྱ་ནག་ལ་མི་དགའ་བའི་གནད་དོན་ཞིག་རྩ་བ་ནས་ཆགས་ཀྱི་མེད། གང་ལྟར་རྒྱ་ནག་མི་མང་ཁྱོན་ཡོངས་ལ་རང་དབང་ཡོངས་ཐབས་ཤིག་ཆགས་ཀྱི་ཡོད་སྟབས། ཁོ་མོ་ཨོ་སི་ཊོ་ལི་ཡའི་ཆབ་སྲིད་ཀྱི་མི་སྣ་ཞིག་ཡིན་པའི་ཆ་ནས་བོད་མི་རྣམས་ལ་རོགས་རམ་གང་འདྲ་བྱེད་ཐུབ་ཀྱི་རེད་ཅེས་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་བཀའ་ལན་དུ། རྒྱ་ནག་གཞུང་གིས་བོད་ནང་དམག་དཔུང་འགྲེམས་འཇོག་དང་ས་གནས་གང་སར་པར་ཆས་བཙུགས་ནས་དམ་བསྒྲགས་ཤུགས་ཆེ་བྱེད་ཀྱི་ཡོད་པ་དང། མི་དུང་ཕྱུར་ཁ་ཤས་འཚོ་རྟེན་བྱེད་བཞིན་པའི་བོད་ཀྱི་ཆུ་རྒྱུན་སོགས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་དང།
ལྷག་པར་རྒྱ་ནག་གཞུང་གི་བཤད་པ་ལྟར་རྒྱ་ནག་མི་མང་སྤྱི་མཐུན་ཡོང་བར་གཙོ་བོ་འདྲ་མཉམ་དགོས་གལ་དང། འཆམ་མཐུན་ཞེས་པ་དེ་ཡིག་ཐོག་ཁོ་ནར་མིན་པར་དོན་དངོས་ལག་ལེན་ཐོག་བསྐྱེལ་དགོས་པ་རེད་ཅེས་བཀའ་ལན་སྩལ་ཡོད། དེ་བཞིན་གྲོས་ཚོགས་འཐུས་མི་ ནིཀ་ཛེ་ནོ་ཕོན་ལགས་ཀྱིས་༸གོང་ས་མཆོག་བོད་ལ་ཕྱིར་ཕེབས་མཛད་རྒྱུའི་ཐུགས་རེ་ཡོད་མེད་དང། བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་རྣམས་ལ་བཀའ་ལན་གང་ཡོད་མེད་སྐོར་དྲི་བ་ཕུལ་སྐབས། ༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། ངོས་རང་ག་དུས་ཡིན་ནའང་བདེན་པའི་སྟོབས་ཤུགས་དང་གོ་མཚོན་གྱི་སྟོབས་ཤུགས་གཉིས་ནས་བདེན་པའི་སྟོབས་ཤུགས་དེ་ཕུགས་ཀྱི་ནུས་པ་ཆེ་བ་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད། བོད་ཀྱི་བདེན་མཐའ་དེ་ཡང་མགྱོགས་མྱུར་གསལ་གྱི་རེད་ཅེས་བསམ་གྱི་ཡོད་ཅེས་བཀའ་ལན་སྩལ་ཡོད། གྲོང་སྡེའི་ཚོགས་ཁང་ཆེན་མོ་དེའི་ནང་མགོན་པོ་གང་ཉིད་མཆོག་གི་བཀའ་སློབ་གྲུབ་མཚམས་༸གོང་ས་མཆོག་གིས་གྲོང་ཁྱེར་ཨི་ཌི་ལིཊ་ཁུལ་གནས་སྡོད་བོད་རིགས་དང་སོག་པོ། དེ་བཞིན་འབྲུག་པའི་མི་རིགས་བཅས་ཁྱོན་མི་གྲངས་ ༢༠༠ ཙམ་ལ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད།
སྐབས་དེར་༸གོང་ས་མཆོག་གིས་ནང་པའི་ཆོས་ལ་དད་པ་བྱེད་དང་མི་བྱེད་གནས་ཚུལ་ཐ་དད་ཡིན་ཞིང། ནང་ཆོས་ཀྱི་ལྟ་གྲུབ་ལ་སློབ་སྦྱོང་གནང་རྒྱུ་ཧ་ཅང་གནད་འགག་དང་ནང་པའི་ལྟ་གྲུབ་དེ་ལ་དེང་སྐབས་ཚན་རིག་མཁས་པ་ཚོས་ཀྱང་བརྟག་དཔྱད་བྱས་རྗེས་དོ་སྣང་དང་ཡིད་མོས་བྱེད་ཀྱི་ཡོད་པ་བཀའ་གནང་སྟེ་རང་གི་གཅེས་ནོར་དེ་བདག་གཅེས་བྱེད་རྒྱུ་གལ་ཆེན་པོ་ཡིན་སྐོར་བཀའ་སློབ་སྩལ་ཡོད། དེ་བཞིན་༸གོང་ས་མཆོག་གིས་ས་གནས་བོད་རིགས་རྣམས་ལ་གཞིས་ལུས་བོད་མི་རྣམས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་ལ་བདག་གཅེས་བྱས་ཏེ་དོ་སྣང་ཆེན་པོ་དང། སོ་སོའི་མི་རིགས་ཀྱི་ཐོབ་ཐང་ཐོག་ཧ་ཅང་སྙིང་སྟོབས་དང་སེམས་ཤུགས་ཆེན་པོ་ཡོད་སྐོར་བཀའ་སློབ་སྩལ་དོན། ཁྱེད་རང་བོད་པ་ཚོས་ད་ལྟ་ལས་བསྡོམས་ནང་བཤད་པ་ལྟར་རེད། ང་ཚོ་བོད་པ་ཚོ་བཙན་བྱོལ་བ་ཆགས་ནས་དུས་ཡུན་དེའི་རིང་ང་ཚོ་བོད་པ་བཙན་བྱོལ་བ་ཕྱོགས་མཚམས་གང་དང་གང་དུ་ཡོད་ནའང་ཚང་མས་སྤྱི་སེམས་འཁྱེར་ཏེ་གཙོ་ཆེ་ཤོས་སོ་སོའི་ཆོས་དང་རིག་གཞུང་དེ་གང་ཐུབ་བདག་གཅེས་བྱས་ཡོད། འདས་པའི་ལོ་ངོ་ ༥༤ ལྷག་རིང་ང་ཚོར་དངོས་གནས་གྲུབ་འབྲས་ཐོན་པ་བྱུང་ཡོད། ཧ་ཅང་ཡག་པོ་བྱུང་འདུག ད་ཆ་གཙོ་ཆེ་ཤོས་གཞིས་ལུས་རྒྱ་ཆེའི་མི་མང་རྣམས་ནི་ཧ་ལས་པའི་སེམས་ཤུགས་རེད། བོད་ཀྱི་ཆོས་དང་རིག་གཞུང་བདག་པོ་བརྒྱབ་ཡོད། སྔ་མོ་ཆབ་སྲིད་ཀྱི་རྒྱ་སྡེའི་ཁོངས་དང་དེ་བཞིན་དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་ཡིན་ནའང་། གང་ལྟར་དབྱེ་བ་མེད་པའི་ཐོག་བོད་རིགས་ཡོད་དོ་ཅོག་ཚང་མས་སོ་སོའི་ཆོས་དང་རིག་གཞུང་ལ་དོ་སྣང་དང། སོ་སོའི་མི་རིགས་ཀྱི་ཐོབ་ཐང་ཐོག་ཧ་ཅང་གི་སྙིང་སྟོབས་དང་སེམས་ཤུགས་ཡོད་པ་ཞིག་རེད། ཅེས་དང།
དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་བོད་ཀྱི་གནད་དོན་ལ་བདེན་པ་ཡོད་སྟབས་མགྱོགས་མྱུར་བདེན་མཐའ་གསལ་རྒྱུའི་ཐུགས་རེ་ཡོད་སྐོར་བཀའ་སློབ་ཕེབས་དོན། དེང་སང་རྡ་རམ་ས་ལར་ཧ་ལམ་བདུན་ཕྲག་རེ་རེའི་ནང་རྒྱ་ནག་ནས་རྒྱ་རིགས་ནང་པ་བཅུ་ཉི་བཤུ་ཆགས་མེད་ཡོང་བཞིན་ཡོད། ཁོང་ཚོ་ངོས་དང་ཐུགས་སྐབས་མང་ཆེ་བ་མིག་ཆུ་གཏོང་མཁན་ཤ་སྟག་རེད། ཁོང་ཚོས་ཧ་ཅང་དད་པ་ཆེན་པོ་བྱེད་ཀྱི་འདུག རྒྱ་ནག་ནང་ཆབ་སྲིད་ཀྱི་འགྱུར་བ་ཕྲན་བུ་ཞིག་ཕྱིན་ན་འགྱུར་བ་ཤུགས་ཆེན་པོ་ཞིག་ཏན་ཏན་འགྲོ་གི་རེད། དེར་བརྟེན་ང་རང་ཚོ་དུས་ཚོད་ཁག་ཤོས་སྐབས་སུ་སེམས་ཤུགས་མ་ཆགས་པར་ཚང་མས་རིག་པ་སྒྲིམ་ནས་བསྡད་པ་རེད། ང་ཚོར་བདེན་པ་ཡོད་པར་བརྟེན་ད་དུང་ཡང་ང་ཚོ་ཚང་མས་སེམས་ཤུགས་སྔར་བཞིན་གནས་དགོས། ད་གིན་ངོས་ཀྱིས་དགའ་བསུའི་ཚོགས་འདུ་སྐབས་དེར་བརྗོད་རྒྱུ་བྱུང། ང་ཚོས་བདེན་པའི་སྟོབས་ཤུགས་དེས་གོ་མཚོན་གྱི་སྟོབས་ཤུགས་ལ་འགྲན་གྱི་ཡོད། རྒྱ་མི་གུང་ཕྲན་ལ་གོ་མཚོན་གྱི་སྟོབས་ཤུགས་ཡོད། ང་ཚོར་གོ་མཚོན་གྱི་སྟོབས་ཤུགས་མེད་ལ་དགོས་པའང་མེད། ང་ཚོར་བདེན་པའི་སྟོབས་ཤུགས་ཡོད། གོ་མཚོན་གྱི་སྟོབས་ཤུགས་དེ་གནས་སྐབས་ཤིག་མ་གཏོགས་ཡུན་རིང་གནས་ཁག་པོ་རེད། བདེན་པའི་སྟོབས་ཤུགས་དེ་མུ་མཐུད་གནས་ཐུབ། དེང་སང་རྒྱ་རིགས་ནང་ནས་བོད་པའི་ཐོག་ཤ་ཚ་དང་རྒྱབ་སྐྱོར་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། དེར་བརྟེན་ང་ཚོའི་བདེན་པའི་མཐའ་དེ་གསལ་གྱི་ཡོད་པ་ལྟ་བུ་རེད། དེ་འདྲ་སོང་ཚང་མས་སེམས་སྐྱིད་པོ་བྱས་ཏེ་སྡོད་རོགས། ཚང་མས་ཧུར་ཐག་བྱོས།
གཞན་ཡང་མགོན་པོ་གང་ཉིད་མཆོག་གིས་མཇལ་ཁར་བཅར་བའི་སོག་པོ་དང་འབྲུག་པའི་མི་རིགས་རྣམས་ལ་དཔལ་འབྱོར་སོགས་ཕྱིའི་རྣམ་པ་ཁོ་ནར་མགོ་བོ་མ་འཁོར་བར་གཙོ་བོ་ནང་པའི་ལྟ་གྲུབ་ལ་སློབ་སྦྱོང་གནང་རྒྱུ་གལ་ཆེན་པོ་ཡིན་སྐོར་བཀའ་སློབ་སྩལ་ཡོད། དེ་རྗེས་དེ་ཉིན་ཕྱེད་ཡོལ་གྱི་མཛད་འཆར་དང་འབྲེལ་ཨི་ཌི་ལི་ཌི་ཀོན་ཝེན་ཤན་སེན་ཊར་ཞེས་པའི་ཚོགས་ཁང་དུ་ཨོ་སི་ཊོ་ལི་ཡའི་ལྗང་ཁུ་ཚོགས་པའི་ཚོགས་གཙོ་ཟུར་པ་སྐུ་ཞབས་བྷོབ་བྷོ་རོན་མཆོག་གི་ངོ་སྤྲོད་གཙོ་སྐྱོང་འོག་༸གོང་ས་མཆོག་གིས་མང་ཚོགས་ ༥༠༠༠ བརྒལ་བར་བདེ་སྐྱིད་འཚོལ་བ་(The Quest for happiness) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་སྩལ་དོན། ངོས་རང་ས་གནས་གང་དུ་ཕྱིན་ནའང་རྒྱ་གར་ནས་བྱུང་བའི་འཚེ་མེད་ཞི་བའི་ལྟ་གྲུབ་ལ་གཞི་བཅོལ་བའི་ཆོས་ལུགས་རིས་མེད་ཀྱི་བསླབ་བྱ་དེ་ལམ་སྟོན་བྱེད་བཞིན་ཡོད། བསླབ་བྱ་དེ་དག་ནི་ད་ལྟའི་དུས་སྐབས་སུ་ཧ་ཅང་ཕན་ཐོགས་ཆེན་པོ་ཆགས་ཀྱི་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད་པ་བཅས།།