༢༠༡༠ ཟླ་ ༨ ཚེས་ ༡༧ རེས་གཟའ་མིག་དམར།
༄༅། །འདི་གར་ཨ་རི་བོད་གཞུང་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། བོད་གཞུང་མང་གཉིས་ཀྱི་འབྲེལ་བ་ལེགས་སུ་གཏོང་རྒྱུ་དེ་ནི་བཙན་བྱོལ་བོད་གཞུང་གི་ལས་དོན་གཙོ་བོ་ཞིག་ཡིན་པ་ལྟར། བདུན་ཕྲག་སྔོན་མའི་ནང་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ནང་ཡོད་པའི་སྐྱིད་སྡུག་ཁག་གི་ཚོགས་གཙོ་དང་། སྐུ་ཚབ་ཀྱི་ཚོགས་འདུ་ཞིག་སྐུ་ཚབ་དོན་གཅོད་ཁང་གི་ཁ་ཕིབས་གསར་པའི་ནང་སྐོང་ཚོགས་གནང་ཡོད། ཚོགས་འདུར་སྐུ་ཚབ་དོན་གཅོད་མཆོག་གིས། ནིའུ་ཡོཀ་དང་ནིའུ་འཇར་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་སྤྱི་ཁང་ཉོ་རྒྱུའི་ལས་དོན་དེ་ད་ལྟ་དུས་མཚམས་གང་འདྲ་ཞིན་ཏུ་སླེབས་ཡོད་པ་ངོ་སྤྲོད་མདོར་བསྡུས་དང་། ལས་དོན་དེའི་ཐོག་མ་འོངས་པར་ད་དུང་སྐྱིད་སྡུག་ཁག་ནས་ཕྱག་རོགས་གནང་དགོས་པ་མང་པོ་ཞིག་ཡོང་རྒྱུར་སྐབས་མཚམས་སུ་འབྲེལ་བ་ཞུ་རྒྱུ་ཡིན་པ་དེ་སྐབས་ཕྱག་རོགས་ཡོང་བའི་འབོད་སྐུལ་དང་། གཉིས་པ་རིང་མིན་སྤྱི་འཐུས་སྐབས་ ༡༥ དང་། བཀའ་ཁྲི་སྐབས་ ༣ པའི་འོས་བསྡུ་དེ་ནི་ཧ་ཅང་གལ་འགངས་ཆེ་བའི་འོས་བསྡུ་ཆེན་མོ་ཞིག་ཡིན་སྟབས་མང་ཚོགས་གང་མང་ནས་དེབ་སྐྱེལ་ཐུབ་ཐབས་དང་། འོས་འཕེན་ཐུབ་ཐབས་སུ་སྐྱིད་སྡུག་ཁག་གིས་སོ་སོའི་ཁྱབ་ཁོངས་ཚོགས་མི་རྣམས་ལ་དེ་དོན་གལ་ཆེ་དོན་ཆེ་ཡིན་པའི་བརྡ་ལན་ཡོང་བའི་འབོད་སྐུལ་ཞུས་ཡོད། དེ་རྗེས་སྐྱིད་སྡུག་ཁག་གི་ཚོགས་གཙོ་དང་། སྐུ་ཚབ་ཚོས་དང་བླངས་དཔྱ་དངུལ་དང་། དེབ་སྐྱེལ་གྱི་ལས་དོན་དང་འབྲེལ་བའི་སྐོར་སོ་སོའི་དགོངས་འཆར་གནང་ཞིང་། སྐུ་ཚབ་དོན་གཅོད་མཆོག་ནས་གསལ་བཤད་དགོས་རིགས་ལ་གསལ་བཤད་གནང་ཡོད། ཐེངས་འདིའི་སྐྱིད་སྡུག་ཚང་འཛོམས་ཀྱི་ཚོགས་འདུ་དེར་ནིའུ་ཡོཀ་དང་། ནིའུ་འཇར་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཚེ་རིང་བཟང་པོ་ལགས་དང་། སྐུ་ཚབ་དོན་ཁང་གི་ཟུང་དྲུང་ཀུན་དགའ་བཀྲིས་ལགས་མཉམ་ཞུགས་གནང་ཡོད། རྗེས་སུ་ཚོགས་གཙོ་ཚེ་རིང་བཟང་པོ་ལགས་ཀྱིས། དོན་ཁང་ནས་སྐྱིད་སྡུག་ཁག་གི་ཚོགས་འདུ་སྐོང་ཚོགས་གནང་རྗེས་ནིའུ་ཡོཀ་དང་ནིའུ་འཇར་སི་ཁུལ་གྱི་དེབ་སྐྱེལ་བྱེད་མཁན་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད་པས་ཁོང་གིས་སྤྱི་མཐུན་ཚོགས་པའི་ཚབ་ཞུས་ཏེ་སྐྱིད་སྡུག་ཁག་ལ་ཐུགས་རྗེ་ཆེ་ཞུས་ཡོད། ནིའུ་ཡོཀ་དང་། ནིའུ་འཇར་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་སྤྱི་ཁང་ཉོ་དམིགས་སུ་ད་ལྟའི་ཆར་ཨ་སྒོར་ས་ཡ་གཉིས་དང་ཉིས་འབུམ་ལྔ་ཁྲི་ཡོད། ཚོགས་འདུ་དེར་ཆུ་བཞི་སྒང་དྲུག་དང་། སྒོར་གཞས་སྐྱིད་སྡུག མངའ་རིས་སྐྱིད་སྡུག སྐྱིད་གྲོང་སྐྱིད་སྡུག ལྷོ་ཁ་སྐྱིད་སྡུག གཉན་པ་སྐྱིད་སྡུག ལི་ཐང་སྐྱིད་སྡུག སྡེ་དགེ་སྐྱིད་སྡུག ནང་ཆེན་སྐྱིད་སྡུག འབའ་པ་སྐྱིད་སྡུག བྲག་གཡབ་སྐྱིད་སྡུག གོ་འཇོ་སྐྱིད་སྡུག ཨ་མདོ་སྐྱིད་སྡུག སྨར་ཁམས་སྐྱིད་སྡུག ཏྲེ་ཧོར་སྐྱིད་སྡུག ས་སྐྱ་སྐྱིད་སྡུག རི་དགའ་སོག་གསུམ་སྐྱིད་སྡུག་སོགས་སྐྱིད་སྡུག་ཉི་ཤུ་མིན་ཙམ་གྱི་ཚོགས་གཙོ་དང་། སྐུ་ཚབ་མཉམ་ཞུགས་གནང་འདུག་པ་བཅད།།