༢༠༡༠ ཟླ་ ༨ ཚེས་ ༡༧ རེས་གཟའ་མིག་དམར།
༄༅། །འདི་གར་ཨ་རིའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཨ་རིའི་སྐུ་ཚབ་དོན་ཁང་གི་ཟུང་དྲུང་བསྟན་འཛིན་བདེ་སྐྱིད་ལགས་ནས་གོ་སྒྲིག་གནང་སྟེ། བོད་སྐོར་གྱི་གློག་བརྙན་གསར་པ། དབྱངས་ལ་ཐིམ་པའི་བོད། ཅེས་པ་དེ་ཉེ་ཆར་ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་དང་། འབྲེལ་ཡོད་མི་སྣ་ཉུང་ཤས་ཤིག་ལ་བསྟན་ཡོད། དབྱངས་ལ་ཐིམ་པའི་བོད། ཅེས་པའི་གློག་བརྙན་དེ་ནི་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ནང་བཞུགས་མཁན་བོད་མི་ངག་དབང་ཆོས་འཕེལ་ལགས་ཀྱིས་བཟོ་སྒྲིག་བྱས་པ་དང་། དེའི་ནང་དོན་གཙོ་བོ་ནི་ཆུང་དུས་ནས་བོད་ཀྱི་རོལ་དབྱངས་ལ་དོ་སྣང་ཡོད་པའི་ངག་དབང་ཆོས་འཕེལ་ལགས་ཀྱིས་ཕྱི་ལོ་ ༡༩༩༥ ལོར་བོད་ཀྱི་ཡུལ་ལུང་འདྲ་མིན་གྱི་གནའ་བོའི་རོལ་དབྱངས་འཚོལ་སྒྲུབ་ཉམས་ཞིབ་ཆེད་རྒྱ་གར་ནས་བོད་ནང་ཆེད་བསྐྱོད་སྐབས་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་ལས་འགན་ཡོད་ཚུལ་བཤད་དེ་འཛིན་བཟུང་གིས་ལོ་ ༡༨ བཙོན་འཇུག་བྱེད་རྒྱུའི་ཁྲིམས་ཐག་བཅད་པའི་ཡིད་སྐྱོའི་གནས་ཚུལ་ལས་འཕྲོས་ཏེ། སྔར་ཞི་བདེ་ལྷིང་འཇགས་ཀྱི་བོད་འདི་དེང་སང་རྣམ་པ་གང་འདྲ་ཞིག་དུ་གྱུར་ཡོད་པ་དང་། ལྷག་པར་དུ་བོད་ཀྱི་ཐུང་མོང་མ་ཡིན་པའི་གནའ་བོའི་རིག་གཞུང་སྤྱི་དང་། བྱེ་བྲག་ཟློས་གར་གྱི་རིག་གནས་དེང་སང་གང་འདྲ་བྱས་ནས་ཉམས་ཆག་འགྲོ་གི་ཡོད་པའི་སྐོར་གློག་བརྙན་གྱི་ལམ་ནས་ཞིབ་ཕྲ་གསལ་སྟོན་བྱས་ཡོད། ངག་དབང་ཆོས་འཕེལ་ལགས་ནས་ངོ་སྤྲོད་གནང་བར་གཞིགས་ན། གློག་བརྙན་འདི་བཟོ་རྒྱུར་ལོ་བདུན་ཙམ་འགོར་ཡོད་པ་དང་། རིགས་གཅིག་རྐང་འཛིན་དང་འབྲེལ་བའི་ལག་རྩལ་དང་། དཔལ་འབྱོར་མཐུན་རྐྱེན་སོགས་གང་ཅིའི་དཀའ་ངལ་སྣ་ཚོགས་ཤིག་འཕྲད་ཡོད་པ་ཁྱད་བསད་གནང་ཐར་ཉེ་ཆར་གློག་བརྙན་ཆ་ཚང་དངོས་སུ་ལེགས་གྲུབ་བྱུང་ཞིང་། ཕྱི་ཟླ་ ༩ ཚེས་ ༢༤ ནས་བཟུང་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་དང་། སྦོ་སི་ཊོན། ཅི་གྷ་གྷོ། ཝ་ཤིང་ཊོན་ཌི་སི། སན་ཕྷི་རན་སི་སི་ཁོ་སོགས་གྲོང་ཁྱེར་ཆེ་ཁག ༡༡ ཙམ་གྱི་གློག་བརྙན་ཁང་དུ་དངོས་སུ་བསྟན་འགོ་འཛུགས་ཡོད། དབྱངས་ལ་ཐིམ་པའི་བོད། ཅེས་པ་དེ་ནི་བོད་མི་ཞིག་གིས་བཟོས་པའི་གློག་བརྙན་གསར་ཤོས་ཤིག་ཡིན་པ་དང་། ད་ལྟ་ཡོངས་བསྒྲགས་ཀྱིས་ཚོགས་ཁང་ནང་དུ་བསྟན་མེད་པར་བརྟེན། དོན་གཅོད་ཁང་དུ་བསྟན་པའི་ཉིན་དེར་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་སོགས་དོན་གཅོད་ཁང་གི་ལས་བྱེད་རྣམ་པ་དང་། བོད་ཀྱི་ཐེབས་རྩའི་འགན་འཛིན་གཞོན་པ་རོ་སྦིན། (Buddha) ཞེས་པའི་གློག་བརྙན་བཟོ་མཁན་སྐུ་ཞབས་ (David Grubin) དེ་བཞིན་ (Rubin) འགྲེམས་སྟོན་ཁང་གི་སྒྱུ་རྩལ་བ་བཅས་མི་སྣ་ཉུང་ཤས་ཤིག་གདན་ཞུས་ཡོད། གློག་རྙན་གྱི་བརྗོད་བྱའི་ནང་དོན་དང་། སྒྱུ་སྩལ་གྱི་འགྲོ་སྟངས་བཅས་ལ་ཚང་མས་གདེང་འཇོག་ཆེན་པོ་གནང་ཡོད་པ་བཅས།།