༢༠༡༣ ཟླ་ ༦ ཚེས་ ༡༨ རེས་གཟའ་མིག་དམར།
༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས། ཕྱི་ལོ ༢༠༡༣ ཟླ་ ༦ ཚེས་ ༡༧ ཉིན་བཏང་གནས་ནང་འཁོད་དོན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གོ་སྒྲིག་འོག ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དུ་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་བསྐྱར་སྦྱོང་དང་། སྦྱོང་བརྡར་ཐེངས་ ༦ པའི་ལས་རིམ་དང་སྟབས་བསྟུན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་མཆོག་དང་། ཁྲིམས་ཞིབ་པ་ཚེ་རིང་དོན་གྲུབ་མཆོག་རྣམ་གཉིས་ས་ཆ་ཁག་བགོས་ཀྱིས་ལྷོ་གཞིས་ཁག་ལྔའི་སེར་སྐྱ་མང་ཚོགས་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་གོ་རྟོགས་སྤེལ་ཡོད།
དེ་ཡང་ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་མཆོག་གིས་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༠ ཉིན་སྔ་དྲོའི་ཚོུད་ ༩ ནས་ ༡༢ བར་མོན་གྷོ་མི་མང་ཚོགས་ཁང་ནང་སེར་སྐྱ་མི་མང་ ༧༥༦ ཙམ་དང་། ཕྱི་དྲོ་ཚོུད་ ༣ ནས་ ༥ བར་ས་གནས་འཐུས་ཚོགས་དང་། ས་གནས་འགོ་ལས་བྱེད། རང་བདེན་ཚོགས་ཆུང་། མཉམ་འབྲེལ་འགན་ལྷན་དང་ལས་བྱེད། སློབ་གྲྭའི་འགན་འཛིན། དགོན་པ་གྲྭ་ཚང་གི་སྐུ་ཚབ། ས་གནས་ཀྱི་གཞུང་འབྲེལ་མ་མིན་པའི་ཚོགས་སྡེ་ཁག་གི་རྒྱུན་ལས་དང་ལས་སྣེ་སྡེ་ཚན་འགན་འཛིན་མི་གྲངས་ ༦༣ བཅས་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་གོ་རྟོགས་སྤེལ་ཡོད།
ཟླ་ ༥ ཚེས་ ༢༡ ཉིན་སྔ་དྲོའི་ཚོུད་ ༩ ནས་ ༡༢ བར་དགའ་ལྡན་བླ་སྤྱིའི་ཚོགས་ཁང་ནང་དགའ་ལྡན་བྱང་ཤར་གཉིས་ཀྱི་དགེ་འདུན་པ་གྲངས་ ༨༣༥ ཙམ་དང་། ཉིན་རྒྱབ་ཚོུད་ ༣ ནས་ ༥ བར་འབྲས་སྤུངས་བླ་སྤྱི་ཚོགས་ཁང་དུ་བློ་གླིང་དང་སྒོ་མང་གི་དགེ་འདུན་པ་གྲངས་ ༡༧༣༤ ཙམ་བཅས་སོ་སོར་ཁྲིམས་ལུགས་གོ་རྟོགས་སྤེལ་ཡོད།
ཟླ་ ༥ ཚེས་ ༢༦ ཉིན་སྔ་དྲོའི་ཚོུད་ ༩ ནས་ ༡༢ བར་ལུགས་བསམ་གཞིས་ཆགས་ཀྱི་སེར་སྐྱ་མང་ཚོགས་དང་གོང་གསལ་ལྟར་སྡེ་ཚན་ཁག་གི་འགན་འཛིན་ལས་བྱེད་དང་། ཚོགས་སྐྱིད་ཁག་གི་སྐུ་ཚབ་བཅས་མི་གྲངས་ ༥༨༧ སྐོར་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་གོ་རྟོགས་སྤེལ་ཡོད།
ཟླ་ ༥ ཚེས་ ༢༨ ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༦ ནས་ ༨ བར་སེར་བྱེས་གྲྭ་ཚང་གི་ཆོས་རར་དགེ་འདུན་པ་ ༡༦༢༡ ཙམ་དང་། ཕྱི་ཚེས་ ༢༩ ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༦ ནས་ ༨ བར་སེར་སྨད་གྲྭ་ཚང་གི་ཆོས་རར་དགེ་འདུན་པ་གྲངས་ ༨༧༦ ཙམ། ཟླ་ ༦ ཚེས་ ༤ ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༦ ནས་ ༧།༤༠ བར་རྣམ་གྲོལ་གླིང་གི་འདུ་ཁང་དུ་དགེ་འདུན་པ་གྲངས་ ༡༡༧༥ བཅས་ལ་ཁྲིམས་ལུགས་གོ་རྟོགས་སྤེལ་ཡོད།
དེ་བཞིན། ཁྲིམས་ཞིབ་པ་ཚེ་རིང་དོན་གྲུབ་མཆོག་གིས་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༠ ཉིན་སྔ་དྲོའི་ཚོུད་ ༩ ནས་ ༡༢ བར་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་ཀྱི་མི་མང་ཚོགས་ཁང་ནང་སེར་སྐྱ་མི་གྲངས་ ༢༨༣ ཙམ་བཅར་འབྱོར་བྱུང་ཡོད་པ་རྣམས་དང་། ཕྱི་དྲོའི་ཚོུད་ ༣ ནས་ ༥ བར་ལས་སྣེ་སྡེ་ཚན་འགན་འཛིན་མི་གྲངས་ ༥༠ བཅས་བསྡོམས་མི་གྲངས་ ༣༣༣ ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་གོ་རྟོགས་སྤེལ།
༢༠༡༣ ཟླ་ ༥ ཚེས་ ༢༡ ཉིན་ཕྱི་དྲོའི་ཚོུད་ ༢་༣༠ ནས་ ༥ བར་ཧོན་སུར་ས་འཐུས་ཚོགས་ཁང་ནང་གོང་གསལ་ལྟར་ས་གནས་ཀྱི་ལས་སྣེ་སྡེ་ཚན་འགན་འཛིན་མི་གྲངས་ ༤༢ ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་གོ་རྟོགས་སྤེལ་བ་དང་།
༢༠༡༣ ཟླ་ ༥ ཚེས་ ༢༢ ཉིན་སྔ་དྲོའི་ཚོུད་ ༩ ནས་ ༡༢ བར་ཧོན་སུར་མི་མང་ཚོགས་ཁང་ནང་སེར་སྐྱ་མང་ཚོགས་དང་། རྒྱུད་སྨད་དང་རྫོང་ཁ་ཆོས་སྡེའི་དགེ་འདུན་བཅས་བསྡོམས་མི་གྲངས་ ༢༥༠ ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་གོ་རྟོགས་སྤེལ་གནང་ཡོད།
༢༠༡༣ ཟླ་ ༥ ཚེས་ ༢༤ ཉིན་སྔ་དྲོའི་ཚོུད་ ༩ ནས་ ༡༢ བར་བདེ་སླར་མི་མང་ཚོགས་ཁང་ནང་སེར་སྐྱ་མང་ཚོགས་མི་གྲངས་ ༢༠༣ དང་། ཉིན་རྒྱབ་ཆུ་ཚོད་ ༣ ནས་ ༥ བར་གོང་བཞིན་དེ་གའི་ལས་སྣེ་སྡེ་ཚན་འགན་འཛིན་མི་གྲངས་ ༤༥ བཅས་ལ་སོ་སོར་བཙན་བྱོལ་བོད་མིའི་ཁྲིམས་ལུགས་གོ་རྟོགས་སྤེལ་ཡོད།
༢༠༡༣ ཟླ་ ༥ ཚེས་ ༢༦ ཉིན་སྔ་དྲོའི་ཚོུད་ ༩ ནས་ ༡༢ བར་ཅོག་ཀུར་སེར་སྐྱ་མང་ཚོགས་མི་གྲངས་ ༦༩ ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་གོ་རྟོགས་སྤེལ་ཡོད།
༢༠༡༣ ཟླ་ ༥ ཚེས་ ༢༣ ཉིན་ཁྲིམས་ཞིབ་པ་རྣམ་གཉིས་རྣམ་གྲོལ་གླིང་དུ་གྲུབ་དབང་པད་ནོར་རིན་པོ་ཆེའི་གདུང་མཆོད་མཛད་སྒོར་ཞོགས་པ་ཚོུད་ ༨ ནས་ ༡ བར་ཕེབས་ཞུགས་གནང་ཡོད་ཅིང་།
ཁྲིམས་ཞིབ་པ་རྣམ་གཉིས་ནས་གོང་གསལ་ས་གནས་ཆ་ཚང་ལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་ཆ་རྐྱེན་འོག རང་རེ་བཙན་བྱོལ་བོད་མིའི་ཀ་བ་གསུམ་གྱི་སྒྲིག་འཛུགས་ཀྱི་ཡ་གྱལ་ཁྲིམས་ལུགས་དབང་འཛིན་གྱི་བྱུང་རིམ་དང༌། འགན་དབང༌། ཁྲིམས་ཡིག་ཁག་གསུམ་གཏན་འབེབས་བྱུང་རིམ། དེ་དག་སོ་སོའི་ནང་གསེས་དོན་ཚན་ཁག་སོ་སོའི་ངོ་སྤྲོད། དེ་དག་གི་ནུས་ཚད། ཁྲིམས་ཞིབ་ཁང་གི་ཁྱབ་ཁོངས། ཁྲིམས་ཞིབ་ཁང་རིམ་པ། ས་གནས་ཁྲིམས་ཞིབ་ཁང་ཇི་ཡོད་དང་འཛུགས་དུས། སྐོར་སྐྱོད་ཁྲིམས་ཞིབ་ཁང་གི་སྐོར། ཁྲིམས་ཞིབ་ཁང་དགོས་མཁོ་དང༌། དམིགས་ཡུལ། ཁྲིམས་ཞིབ་ཁང་ཡོད་ན་ཁེ་ཕན་ཇི་ཡོད་དང༌། མེད་ན་གྱོང་གུན་ཇི་ཡོད། ཁྲིམས་ཞིབ་ཁང་ལ་ཁ་མཆུ་དངོས་སུ་གཏུག་སྐབས། ཁྲིམས་ལུགས་དབང་འཛིན་གྱི་ཁྲིམས་ཡིག་དང༌། དཔང་རྟགས་རྩ་འཛིན་ཁྲིམས་ཡིག་ལ་ལྟོས་ཏེ། བྱེད་སྒོ་ཇི་ཡོད་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་འབྲེལ་ཆགས་ཀྱི་དོན་ཚན་སོ་སོའི་བྱ་རིམ་འགྲོ་སྟངས་སྙིང་བསྡུས་སུ་འགྲེལ་བརྗོད་ངོ་སྤྲོད་ཞུས་པ་དང་སྦྲགས་ས་གནས་སོ་སོའི་མི་མང་གི་ཁྲོད་ནས་དྲི་བ་བྱུང་བ་ཁག་ལ་ལན་འདེབས་གནང་ཡོད་པ་དང་། ས་གནས་ཀྱི་མཛད་རིམ་ཁག་ལེགས་པར་གྲུབ་སྟེ། ཁྲིམས་ཞིབ་པ་རྣམ་གཉིས་ཕྱི་ཟླ་ ༦ ཚེས་ ༨ བཞུགས་སྒར་དུ་ཕེབས་འབྱོར་བྱུང་ཡོད་པ་བཅས།།