༢༠༡༣ ཟླ་ ༦ ཚེས་ ༡༨ རེས་གཟའ་མིག་དམར།
༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༧ ཉིན་བཏང་གནས་ནང་འཁོད་དོན། རང་རིགས་མང་ཚོགས་ཁྲོད་བཙན་བྱོལ་བོད་མིའི་ཁྲིམས་ལུགས་སྐོར་དང༌། ས་གནས་སུ་ཁ་མཆུ་ཞུ་གཏུག་གི་འགྲོ་ལུགས་བཅས་གསལ་པོ་མགོ་མ་ཚོས་པའི་རྐྱེན་གྱིས་ཁྲིམས་ཀྱིས་དབང་སྒྱུར་གྱི་ཁེ་ཕན་ལོངས་སུ་སྤྱོད་མ་ཐུབ་པའི་རིགས་ཡོད་བཞིན་པའི་དཀའ་ངལ་དེ་དག་རིམ་བཞིན་སེལ་ཐབས་སུ། གཞིས་ཆགས་དང༌། ཁ་འཐོར་བོད་མི་འདུས་སྡོད་ཁག་བཅས་སུ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་ཀྱི་སྦྱོང་བརྡར་ཡོད་པའི་གཏན་འཇགས་བོད་མིའི་དང་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པ་གང་མང་སྐྱེད་སྲིང་ཞུ་ཐུབ་པ་བྱུང་ན། ས་གནས་སོ་སོར་ཁྲིམས་གཏུག་ཞུ་སྟངས་མི་ཤེས་མཁན་ཚོར་ལམ་སྟོན་དང༌། བོད་ཡིག་རང་རྐྱ་མི་འཕེར་མཁན་ཚོར་ཁ་མཆུའི་ཞུ་རྩ་འབྲི་རོགས་སོགས་རོགས་སྐྱོར་ཞུ་ཡུལ་ཡོད་པ། ཁ་མཆུ་ཞུ་གཏུག་གི་ཆེད་དུ་ཁྲིམས་རྩོད་པ་བསྟེན་དགོས་རིགས་ལ་ཁྲིམས་རྩོད་པའི་ལས་དོན་སྒྲུབ་མཁན་ཡོད་པ་བཅས་ཀྱི་དགོས་མཁོའི་མཐུན་རྐྱེན་དེས་མང་ཚོགས་སྤྱི་དང༌།
ལྷག་པར་དུ་མི་མང་ཉམ་ཆུང་ཉམ་ཐག་རྣམས་ལ་ཕན་ཐོགས་ཅི་ཆེ་ཡོང་རྒྱུའི་ཐོག ས་གནས་ཁྲིམས་ཞིབ་ཁང་སོ་སོས་ཀྱང་ཁ་མཆུའི་གནད་དོན་ཞིབ་འཇུག་དང༌། ཐག་གཅོད་ཀྱི་བྱ་རིམ་བཅས་གང་མྱུར་ཞུ་ཐུབ་པའི་དགེ་མཚན་ཆེ་ཙམ་ཡོང་རྒྱུ་བཅས་ཀྱི་དགོས་དམིགས་གལ་ཆེར་བརྩིས་ཏེ། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཕྱི་ལོ་ ༢༠༡༠ ནས་བཟུང་ད་བར་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་ ༥ གོ་སྒྲིག་ཞུས་པར་ཕན་འབྲས་མངོན་གསལ་འཐོན་བཞིན་པ་དང་། སྦྱོང་བརྡར་ཐེངས་སྔ་རྗེས་སུ་མཉམ་ཞུགས་བྱེད་མཁན་ནས་ཁྲིམས་ལུགས་བསྐྱར་སྦྱོང་གི་གོ་སྐབས་གནང་སྐྱོང་ཡོང་བའི་རེ་འདུན་ཞུ་སྐུལ་རིམ་པར་བྱུང་ཁར། དངོས་ཡོད་གནས་སྟངས་ཀྱི་ཆ་ནས་ཀྱང་དུས་ཐུང་སྦྱོང་བརྡར་སྤྲད་ཟིན་པའི་མི་འགྲོ་དེ་དག་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་བསྐྱར་སྦྱོང་ཞིག་གོ་སྒྲིག་ཞུ་རྒྱུ་གལ་ཆེར་གཟིགས་ཏེ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གོ་སྒྲིག་འོག ཕྱི་ལོ ༢༠༡༣ ཟླ་ ༥ ཚེས་ ༢༧ ནས་ཟླ་ ༦ ཚེས་ ༥ བར་སྦེལ་ཀོབ་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དུ་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་བསྐྱར་སྦྱོང་དང་། སྦྱོང་བརྡར་ཐེངས་ ༦ པ་ཚུགས་ཡོད།
ཕྱི་ཟླ་ ༥ ཚེས་ ༢༧ སྔ་དྲོའི་ཚོུད་ ༩ ཐོག་དབུ་འབྱེད་མཛད་སྒོའི་སྟེང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་མཆོག་དང་། ཁྲིམས་ཞིབ་པ་ཚེ་རིང་དོན་གྲུབ་མཆོག ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་པ་རྣམ་རྒྱལ་ཚེ་སྐྱིད་ལགས། བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་པ་བསྟན་འཛིན་ལྷུན་གྲུབ་ལགས་བཅས་སློབ་ཁྲིད་གནང་མཁན་བཞི་དང་། གདན་ཞུས་ལྟར་སྐུ་མགྲོན་དུ་ཕེབས་པའི་ཕྱོགས་བཞུགས་སྤྱི་འཐུས་འཇིགས་མེད་འབྱུང་གནས་ལགས་དང་། ལུགས་བསམ་དང་བདེ་སླར་གཉིས་ཀྱི་ས་གནས་འགོ་འཛིན་དང་རང་བདེན་ཚོགས་གཙོ། སྦྱོང་བརྡར་བ་བཅས་ཚོགས་ཁང་ནང་བཞུགས་གྲལ་དུ་འཁོད་བསྟུན། ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་མཆོག་ནས་རྟེན་འབྱུང་སྣང་གསལ་ཞལ་ཕྱེ་དང་། དེར་མཐུད་བོད་བསྟན་སྲིད་དང་མི་རིགས་ཀྱི་ཆེད་དུ་རང་གི་གཅེས་པའི་ལུས་སྲོག་ལོངས་སྤྱོད་བློས་བཏང་གནང་མཁན་རྒྱལ་གཅེས་པ་རྣམས་ཀྱི་ཆེད་དུ་མྱ་ངན་ངག་བཅད་སྐར་མ་གཅིག་རིང་གནང་རྗེས། ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་མཆོག་གིས་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་བསྐྱར་སྦྱོང་དང་། སྦྱོང་བརྡར་ཐེངས་ ༦ པའི་སྐོར་ངོ་སྤྲོད་གསུང་བཤད་གནང་ཡོད།
སྦྱོང་བརྡར་ལས་རིམ་དངོས་གཞི་ཕྱི་ལོ ༢༠༡༣ ཟླ་ ༥ ཚེས་ ༢༧ ནས་ཟླ་ ༦ ཚེས་ ༥ བར་ཚུགས་སྐབས། ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དུ་དེ་སྔ་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡར་ནང་ཞུགས་ཟིན་པའི་མི་གྲངས་ ༡༨ རྣམས་ལ་བསྐྱར་སྦྱོང་དང་། གསར་དུ་སྦྱོང་བརྡར་ཐེངས་ ༦ པར་བཅར་མཁན་མི་གྲངས་ ༡༨ བཅས་བསྡོམས་མི་གྲངས་ལ་ ༣༦ ངོ་བཅར་ཞུས་པ་རྣམས་ལ་གཙོ་བོ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་རྩ་འཛིན་ཁྲིམས་ཡིག་དང་། སྤྱི་མང་གཏུག་བཤེར། དཔང་རྟགས་ཁྲིམས་ཡིག་བཅས་ཀྱི་གལ་ཆེའི་འབྲེལ་ཆགས་དོན་ཚན་ཁག་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས། བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་བླང་དོར་ཞུ་སྒོའི་ལམ་སྟོན་བཅས་སློབ་ཁྲིད་གནང་ཡོད།
ཉིན་མཐའ་མ་གཉིས་རིང་ཁ་མཆུ་གཏུག་བཤེར་གྱི་བྱ་རིམ་ཁག་དམར་ཁྲིད་ཀྱི་ལམ་ནས་སྦྱོང་བརྡར་གནང་བར་སྦྱོང་བརྡར་བ་ཚང་མས་དོ་སྣང་ཆེན་པོའི་ཐོག་དོན་ཚན་སོ་སོའི་སྐབས་དྲི་བ་དྲིས་ལན་སོགས་གནང་ཡོད་པ་དང་། སྦྱོང་བརྡར་གྱི་མཇུག་ཏུ། གསར་ཞུགས་གནང་མཁན་ཁོངས་ནས་སྙན་འབུལ་བ་ ༡༢ ཀྱིས་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་པ་རྣམ་རྒྱལ་ཚེ་སྐྱིད་ལགས་ཀྱི་མདུན་སར་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་དམ་འབུལ་ཞུས་འདུག
ཕྱི་ཚེས་ ༥ ཉིན་གྱི་མཇུག་བསྡོམས་མཛད་སྒོའི་སྐབས། སྦྱོང་བརྡར་བའི་སྐུ་ཚབ་ཀོ་ལི་གྷལ་ས་འཐུས་ཚོགས་མི་སྐལ་ལྡན་ལགས་ཀྱིས་ད་རེས་ཀྱི་ཟབ་སྦྱོང་དང་འབྲེལ་བའི་མྱོང་ཚོར་སྐོར་གཏམ་བཤད་དང་། ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་མཆོག་གིས་སྦྱོང་བརྡར་ཐེངས་ ༦ པའི་སྦྱོང་བརྡར་ལག་ཁྱེར་དང་། བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་བསྐྱར་སྦྱོང་ལག་ཁྱེར། དམ་འབུལ་ཞུས་གྲུབ་པ་རྣམས་ལ་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་མིང་ཐོ་དེབ་འགོད་བགྱིས་པའི་ལག་ཁྱེར་བཅས་གནང་།
ཁྲིམས་ཞིབ་པ་ཚེ་རིང་དོན་གྲུབ་མཆོག་གིས་སྦྱོང་བརྡར་མཇུག་བསྡོམས་ཀྱི་གསུང་བཤད་གནང་བ་དང་། ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་པ་རྣམ་རྒྱལ་ཚེ་སྐྱིད་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་སྦྱོང་བརྡར་ལས་རིམ་ལེགས་གྲུབ་བྱུང་ཡོད་པ་བཅས།།