༢༠༡༣ ཟླ་ ༦ ཚེས་ ༡༣ རེས་གཟའ་ཕུར་བུ།
༄༅། །འདི་གར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་རྣམ་གཉིས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༣ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༧ པ་ཡས་མས་སུ་བོད་མདོ་སྨད་རྔ་པ་རང་སྐྱོང་ཁུལ་རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་དང་པོའི་གླུ་བ་པདྨ་འཕྲིན་ལས་དང་། གླུ་བ་ཕྱག་རྡོར་གཉིས་ཀྱིས་ད་ལྟའི་རང་ལུས་མེར་སྲེག་སོགས་བོད་ནང་གི་གནས་སྟངས་དང་། ༸གོང་ས་མཆོག་དང་། ༸པཎ་ཆེན་རིན་པོ་ཆེ། ཀིརྟི་རིན་པོ་ཆེ་སོགས་དྲན་གླུ་དང་བསྟོད་གླུ། དེ་བཞིན་བློ་བཟང་སེང་གེར་བསྟོད་གླུ་སོགས་ཡོད་པའི་གླུ་གཞས་ཆེད་སྒྲིག་(སོས་མེད་རྨ་ཁའི་ཟུག་གཟེར།)ཞེས་པའི་འོད་སྡེར་ཞིག་འགྲེམས་སྤེལ་བྱས་ནས་ཉིན་ཤས་ལས་མ་སོང་བར་གླུ་བ་ཁོང་གཉིས་རྨ་ཆུ་རྫོང་ཐོག་ནས་འཛིན་བཟུང་བྱས་ཏེ་ཟླ་བ་ ༦ ལྷག་ལ་རྔ་པ་རྫོང་དུ་བཀག་ཉར་བྱས་རྗེས།
ད་ལོའི་ཕྱི་ཟླ་ ༢ ནང་ལོ་གཉིས་རེའི་བཙོན་འཇུག་ཁྲིམས་ཐག་བཅད་དེ་སི་ཁྲོན་གྱི་མེན་ཡང་ཞེས་པའི་ས་གནས་ཀྱི་བཙོན་ཁང་ཞིག་ཏུ་བསྐྱལ་ཡོད་ཚུལ་གྱི་ཡི་གེ་ཞིག་འབྲེལ་ཡོད་ནང་མིར་སྤྲད་ཡོད་ཀྱང་། ད་བར་ཁོང་གཉིས་ཀྱི་ནང་མི་རྣམས་ཐེངས་གཉིས་ལ་ཐུག་འཕྲད་དུ་སོང་འདུག་པར་མེན་ཡང་ས་གནས་ཀྱི་འབྲེལ་ཡོད་ཚོས་ཁོང་གཉིས་འདིར་མེད་ཚུལ་བརྗོད་ནས་ཐུག་འཕྲད་བྱེད་ས་རག་མེད་པས། ཁོང་གཉིས་ཀྱི་གནས་སྟངས་དང་གར་ཡོད་སོགས་གསལ་པོ་ཤེས་རྟོགས་བྱུང་མེད་པ་རེད། གླུ་བ་པདྨ་འཕྲིན་ལས་ལགས་རང་ལོ་ ༢༢ དང་། ཕ་མིང་ལ་འཛམ་ལྷ་ཟེར་ཞིང་གྲོངས་ཟིན་པ་དང་། མ་མིང་ལ་ཚེ་རིས་མ་ཡིན་འདུག གླུ་བ་ཕྱག་རྡོར་ལགས་རང་ལོ་ ༣༢ ཙམ་དང་། ཕ་མིང་ལ་མཆོག་ལྡན་མདོ་བ་ཡིན་འདུག
གླུ་བ་ཕྱག་རྡོར་ལགས་ནི་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༠ ཉིན་རང་ལུས་མེར་སྲེག་གནང་སྟེ་འདས་གྲོངས་སུ་གྱུར་པའི་རྒྱལ་གཅེས་དཔའ་བོ་གཅོད་པ་ལགས་ཀྱི་ཕ་སྤུན་གྱི་སྤུན་ཡིན་པ་དང་། གླུ་བ་ཁོང་གཉིས་ཀྱང་ཉེ་འབྲེལ་ཞིག་ཡིན་འདུག དེ་མིན་རོལ་མོའི་རམ་འདེགས་པ་མཁྱེན་རབ་དང་ཚིག་རྩོམ་པ་པོ་ཉག་ལྡོམ་པོ་གཉིས་ཀྱི་གནས་ཚུལ་ཅི་ཡང་གོ་ཐོས་མ་བྱུང་།
གླུ་བ་ཕྱག་རྡོར་གྱི་(འེ་རེད་)ཅེས་པའི་གླུ་ཚིག་གཤམ་གསལ་ལྟར་ཡིན།
ང་ཚོའི་རིན་ཆེན་གཏེར་ཁ།། བཙན་པོའི་འཕྲུལ་གྱིས་གཏོར་ནས།། གནས་འདི་སྟོངས་པར་བཟོས་པ།། དབང་མེད་བཙན་ཤེད་འེ་རེད། སྔོན་བྱོན་མཁས་པའི་མཛད་རྗེས།། ལྔ་ཟུང་རིག་པའི་གནས་མཆོག། ཐབས་ཀྱིས་བརླགས་བརྩིས་བྱེད་པ།། དབང་མེད་བཙན་ཤེད་འེ་རེད།། ཁ་བ་གངས་རིའི་རྒྱུད་འཛིན།། ན་གཞོན་དཔའ་བོ་དཔའ་མོ།། བཙན་གྱིས་དམར་གསོད་བྱས་པ།། དབང་མེད་བཙན་ཤེད་འེ་རེད།། གངས་ཅན་འགྲོ་བའི་མགོན་པོ།། རྒྱལ་དབང་བསྟན་འཛིན་རྒྱ་མཚོ།། བཙན་གྱིས་གཏན་བྲལ་བྱས་པ།། ང་ཚོའི་ལས་དབང་འེ་རེད།།
ཅེས་དང་།
ཡང་གླུ་བ་པདྨ་འཕྲིན་ལས་ཀྱི་གླུ་(སྨྲེ་ངག་)ཅེས་པའི་གླུ་ཚིག་ནི།
རྗེ་བླ་མ་ས་ཕྱོགས་གཞན་ལ་ཕེབས།། བོད་སློབ་འབངས་མ་མེད་ད་ཕྲུག་བཞིན།། རྒྱ་ནག་པོའི་འོག་ན་སྡུག་བསྔལ་ལྕི།། སྡུག་ལྕི་རུང་བཤད་ས་ང་མེད་གི།། བོད་གངས་རིའི་དཔའ་བོ་དཔའ་མོ་རྣམས།། ལུས་བུད་ཤིང་བཞིན་དུ་མེ་ལ་བསྲེགས།། མེ་དམར་པོའི་ཀླུང་ན་ན་ཟུག་ཆེ།། སྡུག་ཆེ་རུང་བཤད་ས་ང་མེད་གི།། བོད་ཉམ་ཆུང་ཉེས་མེད་ཁྲིམས་ལ་སྦྱར།། ལྕགས་ནག་པོ་བརྒྱབ་ནས་གསོད་རྡུང་བྱས།། ལུས་བཙོན་རར་སོང་ནས་འཇིགས་སྐྲག་མྱངས།། འཇིགས་ཆེ་རུང་བཤད་ས་ང་མེད་གི།།
ཞེས་པ་ཡིན་ལ། དེ་མིན་ ༡ གངས་རིའི་མགོན། ༢ སྐྱོ་འབོད། ༣ ང་ཡི་རྩ་བའི་བླ་མ། ༤ ངོ་ཚ། ༥ བཟོད་མེད་ཀྱི་སྡུག་བསྔལ། ༦ བདེན་དོན་ཁྲག་གི་དར་ཆ། ༧ འཐད་པ་ཡིན། ༨ སྲིན་པོ། ༩ མག་མོག་བྱང་ཐང་གི་ན་བུན། ༡༠ ཡིད་ཐང་ཆད་འགྲོ། བཅས་ཁྱོན་གླུ་བཅུ་གཉིས་ཡོད་འདུག་པ་བཅས། །