༢༠༡༣ ཟླ་ ༦ ཚེས་ ༡༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༢ རེས་གཟའ་ལྷག་པའི་ཉིན་༸གོང་ས་མཆོག་གིས་ནིའུ་ཛི་ལེན་ཌིའི་གྲོང་ཁྱེར་དུ་ནེ་དིན་ (Dunedin ) ནང་གི་མཛད་འཕྲིན་རྣམས་ཡོངས་སུ་ལེགས་གྲུབ་ཀྱིས་གྲོང་ཁྱེར་ཨོག་ལེན་ཌིར་ (Auckland) ཆིབས་སྒྱུར་བསྐྱངས། སྐབས་དེར་༸གོང་ས་མཆོག་གནམ་ཐང་ནས་ཐོག་མར་ཞི་བདེའི་བསྟི་གནས་ཁང་ Peace Foundation ཞེས་པ་དེར་ཆིབས་སྒྱུར་བསྐྱངས། བསྟི་གནས་ཁང་དེར་ཨོག་ལེན་ཌིའི་གྲོང་ཁྱེར་དེ་བཞིན་རྡུལ་ཕྲན་མཚོན་ཆ་སྤངས་པའི་ཞི་བདེའི་བསྟི་གནས་ (City of Peace ) ཤིག་ཡིན་པའི་བསྒྲགས་གཏམ་སྤེལ་ཡོད། བསྟི་གནས་ཁང་དུ་༸ཞབས་སོར་འཁོད་སྐབས་བསྟི་གནས་ཁང་གི་འགན་འཛིན་གཞོན་པ་སྐུ་ཞབས་ཡོ་ནི་ཌུན་ཀན་ Yvonne Duncan ལགས་ཀྱིས་སློབ་ཕྲུག་ཁག་གཅིག་ལ་༸གོང་ས་མཆོག་ངོ་སྤྲོད་གནང།
དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྟི་གནས་ཁང་གི་ལས་དོན་རྣམས་ལ་བསྔགས་བརྗོད་མཛད་པ་དང་སྦྲགས། དེང་སྐབས་འཛམ་གླིང་ནང་དྲག་པོར་ཡིད་ཐང་ཆད་དེ་ཞི་བདེར་རྒྱབ་སྐྱོར་ཤུགས་ཆེ་རུ་འགྲོ་བཞིན་བཟང་ཕྱོགས་སུ་འགྱུར་འགྲོ་བཞིན་ཡོད་པའི་གཟིགས་ཚུལ་འབྱུང་བཞིན་ཡོད་སྐོར་སོགས་བཀའ་སློབ་སྩལ་དོན། ཞི་བདེའི་གྲོང་ཁྱེར་ཞེས་པའི་བསམ་བློ་འདི་ངོ་མཚར་ཅན་ཞིག་ཡིན། འོན་ཀྱང་ཞི་བདེ་ཡིན་ཞེས་བསྒྲགས་གཏམ་སྤེལ་བ་ཙམ་གྱིས་མི་འདང་། ཞི་བདེ་ཡོང་བར་འབད་བརྩོན་བྱེད་དགོས། དེར་བརྟེན་ཐོག་མར་ནང་གི་སེམས་དེ་ཞི་བདེ་ལྡན་པ་ཞིག་བཟོ་ཐུབ་ན་རིམ་བཞིན་འཛམ་གླིང་ནང་ཞི་བདེ་བསྐྲུན་ཐུབ། ང་ཚོ་དང་ཁོང་ཚོ་ཞེས་དབྱེ་མཚམས་བཟུང་བ་དེའི་རྐྱེན་གྱིས་རྙོག་གྲ་ཡོང་བཞིན་ཡོད། ང་ཚོས་དཀའ་ངལ་རྣམས་ཞི་བའི་ཐོག་གྲོས་མོལ་གྱི་ལམ་ནས་སེལ་དགོས་པ་ལས་དྲག་པོའི་ཐབས་ལམ་གྱིས་དཀའ་ངལ་སེལ་ཐབས་མེད་པ་གཞོན་སྐྱེས་ཚོར་གོ་རྟོགས་སྤེལ་དགོས། རྒྱབ་རྟེན་ལྟ་གྲུབ་འདི་ནི་དུས་རབས་འདི་བཞིན་ཞི་བདེ་ལྡན་པའི་དུས་རབས་ཤིག་ཏུ་སྤྲུན་རྒྱུའི་རྨང་གཞི་ཞིག་ཡིན། ཞེས་བཀའ་སློབ་སྩལ་རྗེས་ཊི་ཝི་ཨན་ཛེ་ཌི་ TVNZ ཞེས་པའི་བརྙན་འཕྲིན་བརྒྱུད་ལམ་ཚན་པས་ཆེད་དོན་དྲི་བར་བཀའ་ལན་སྩལ།
ཉིན་གུང་ལྗགས་སྨིན་གྲུབ་བསྟུན་༸གོང་ས་མཆོག་གིས་སི་ཝིག་ཚོགས་ཁང་ (Civic Theatre) ཆེན་མོའི་ནང་མང་ཚོགས་ ༢༣༠༠ བརྒལ་བར་ཞི་བདེའི་ལམ་བུ། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་དོན། ཆོས་གྲོགས་ཕོ་མོ་ཚོ་ངོས་རང་དེ་རིང་འདིར་མང་ཚོགས་རྣམས་དང་ཐུག་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང། སྤྱིར་ངོས་ཀྱིས་འགྲོ་བ་མིའི་ནང་གི་རིན་ཐང་གོང་མཐོར་སྤེལ་བ་བརྒྱུད་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་སྐྲུན་རྒྱུ་མ་ཟད། ངོས་རང་ནང་པའི་དགེ་སློང་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུ་སོགས་ཡིན། ལས་དོན་དེ་དག་མང་ཚོགས་ཁྲོད་སྒེར་པ་སོ་སོས་འགན་འཁུར་འཁྱེར་ནས་བྱས་ན་མ་གཏོགས་ཆབ་སྲིད་ཀྱི་དབུ་ཁྲིད་དང་སྲིད་གཞུང་གིས་འགན་འཁྱེར་གྱི་མ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་མང་ཚོགས་ཀྱི་དྲི་བ་རྣམས་ལ་བཀའ་ལན་སྩལ།
དེ་རྗེས་༸གོང་ས་མཆོག་གིས་བོད་རིགས་དང་སོག་རིགས། དེ་བཞིན་བོད་རྒྱ་མི་རིགས་མཐུན་ཚོགས་ཀྱི་ཚོགས་མི་ཁག་གཅིག་ལ་མཇལ་ཁ་དང་བཀའ་སློབ་སྩལ། དེ་རྗེས་ནིའུ་ཛི་ལེན་ཌི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང། ནིའུ་ཛི་ལེན་ཌི་བོད་ཕྲུག་ངལ་སེལ་ཚོགས་པའི་ཚོགས་མི་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ། ཚོགས་པ་དེས་དུས་ཡུན་རིང་པོར་རྒྱ་གར་ནང་བོད་པའི་སློབ་གྲྭ་ཁག་ནང་རོགས་རམ་གནང་ཡོད། ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོར་༸གོང་ས་མཆོག་སྟོན་ཁོར་དང་བཅས་པ་ཨོ་སི་ཊོ་ལི་ཡའི་Australia གྲོང་ཁྱེར་སི་ཌི་ནིར་ Sydney ཆིབས་ཞལ་བསྒྱུར་རྒྱུ་ཡིན་འདུག་པ་བཅས།།